མཚོ་སྔོན་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་གྲོང་གསེབ་ཀྱི་ཡུལ་མིའི་བདེ་ཐང་བྱང་ཚད་མཐོ་རུ་བཏང་བ།
ཉིན་ཤས་གོང་། གསར་འགོད་པར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། ཞིང་ཆེན་དེ་ཡོངས་ཀྱིས་བདེ་ཐང་བྱང་ཚད་ལ་སྐུལ་འདེད་གཏོང་བ་དང་། བདེ་ཐང་རྫོང་དང་ཆུས་འཛུགས་པ། བདེ་ཐང་ཚན་རིག་ཁྱབ་གདལ་སློབ་གསོ་སོགས་བརྒྱུད། བདེ་ཐང་གི་འཚོ་བ་སྐྱེལ་སྟངས་རྒྱུན་མཐུད་ཁྱབ་གདལ་བཏང་བས་བདེ་ཐང་གི་འདུ་ཤེས་རྒྱུན་ཆད་མེད་པར་མི་སེམས་སུ་གཏིང་ཟབ་ཟུག་ཡོད་པ་རེད།
ཞིང་ཆེན་དེ་ཡོངས་ཀྱིས་བདེ་ཐང་རྫོང་དང་ཆུས་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་ནས་ཟི་ལིང་གྲོང་ཁྱེར་གྲོང་བྱང་ཆུས་དང་། སྐུ་འབུམ་ཆུས། མཚོ་ཤར་གྲོང་ཁྱེར་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་ཀ་རྫོང་སོགས་བདེ་ཐང་རྫོང་དང་ཆུས་24བཙུགས་པ་དེས་ཞིང་ཆེན་དེ་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་། ཆུས། སྲིད་འཛིན་ཨུ་ལྷན)བསྡོམས་འབོར་གྱི་53%བཟུང་ཡོད་པ་དང་། དེ་དག་ཁྲོད་ཟི་ལིང་གྲོང་ཁྱེར་གྲོང་བྱང་ཆུས་དང་། སྐུ་འབུམ་ཆུས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་བཅས་ཀྱི་ཉམས་མྱོང་ལྡན་པའི་བྱེད་སྟངས་དེ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཕུལ་བྱུང་དཔེ་མཚོན་ནང་བཅུག་ནས་རྒྱལ་ཡོངས་སུ་དྲིལ་བསྒྲགས་ཁྱབ་གདལ་བཏང་ཡོད་པ་རེད། བདེ་ཐང་ཚན་རིག་ཁྱབ་གདལ་སློབ་གསོར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས“བདེ་ཐང་སློབ་གསོ་ལེ་དབར་ཁྲིར་སྤེལ”ཞེས་པའི་བྱེད་སྒོའི་སྤུས་རྟགས་བཏོད་དེ་ཞིང་ཆེན་དེ་ཡོངས་ཀྱི་རྫོང་དང་ཆུས་45ལ་སྤེལ་བ་དང་རིམ་རྩིས་བརྒྱབ་ན་ལམ་ཐག་སྤྱི་ལེ་ཁྲི་7ལྷག་ཙམ་བསྐྱོད་ཡོད་པ་རེད། 2024ལོའི་ལོ་མཇུག་བར། ཞིང་ཆེན་དེ་ཡོངས་ཀྱི་གྲོང་གསེབ་ཀྱི་ཡུལ་མིའི་བདེ་ཐང་བྱང་ཚད་2021ལོ་དང་བསྡུར་ན་བརྒྱ་ཆའི་གྲངས་5.7འཕར་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་བདེ་ཐང་བྱང་ཚད་ཀྱི་ཧེ་བག་བརྒྱ་ཆའི་གྲངས་10.31བར་ཟིན་པ་དེ་2021ལོ་དང་བསྡུར་ན་བརྒྱ་ཆའི་གྲངས་0.94ཆག་པ་དང་། གྲོང་གསེབ་ཀྱི་ཡུལ་མིའི་བདེ་ཐང་བྱང་ཚད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་གྲོང་ཁྱེར་གྱི་གྲོང་མིའི་བདེ་ཐང་བྱང་ཚད་དབར་གྱི་ཧེ་བག་རྒྱུན་ཆད་མེད་པར་ཆུང་དུ་འགྲོ་བཞིན་ཡོད་པ་རེད།
ཞིང་ཆེན་དེ་ཡོངས་ཀྱིས་བདེ་ཐང་གྲོང་གསེབ་འཛུགས་སྐྲུན་ལ་དམིགས་ནས་མང་ཚོགས་ཀྱི་དགོས་མཁོ་མུ་མཐུད་སྟོན་ཕྱོགས་སུ་བྱས་ཏེ། ས་ཁོངས་ཧྲིལ་པོ་དང་། མི་ཚོགས་ཡོངས། ཚེ་སྲོག་གི་འཁོར་ཡུན་ཧྲིལ་པོ་བཅས་ཀྱི་བདེ་ཐང་སློབ་གསོའི་མ་ལག་བཙུགས་ནས་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་རམ་འདེགས་བྱ་རྒྱུ་ཡིན་ཞིང་། གྲོང་གསེབ་ཀྱི་འཚོ་བ་སྐྱེལ་སྟངས་ལེགས་སུ་གཏོང་བ་དང་གྲོང་མི(གྲོང་ལྷན)ཨུ་ལྷན་དང་དེའི་སྤྱི་པའི་འཕྲོད་བསྟེན་ཨུ་ལྷན་གྱི་ནུས་པ་བཏོན་ཏེ། འཕྲོད་བསྟེན་བདེ་ཐང་གི་སྲིད་ཇུས་དྲིལ་བསྒྲགས་བྱས་ནས་བདེ་ཐང་ཤེས་བྱ་ཁྱབ་གདལ་གཏོང་རྒྱུ་དང་། གྲོང་གསེབ་ཀྱི་བདེ་ཐང་སྤྱི་ཆིངས་དང་བདེ་ཐང་སྲུང་བྱ་སོགས་བྱ་སྤྱོད་ཚད་གཞི་བཟོས་ནས་ཤེས་དཔལ་བདེ་ཐང་དང་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་འདུ་ཤེས་དང་བླང་བྱ་གྲོང་སྲོལ་དམངས་ཆིངས་ནང་བཅུག་སྟེ། བདེ་ཐང་བྱ་སྤྱོད་ཐུན་མོང་ཐོག་ལག་ལེན་བསྟར་བར་སྐུལ་འདེད་གཏོང་རྒྱུ། བདེ་ཐང་གི་ལུས་ལྗིད་ཚོད་འཛིན་བྱ་སྤྱོད་སྤེལ་ཏེ། ཁྱིམ་ཚང་གི་ཁོངས་མི་ཐུན་མོང་ཐོག་ལུས་ལྗིད་དོ་དམ་ནང་ཞུགས་རྒྱུ་དར་སྤེལ་བཏང་ནས་བཟའ་བཏུང་དང་ལུས་སྦྱོང་གི་གོམས་གཤིས་བཟང་པོ་འཇགས་པར་བྱ་རྒྱུ་བཅས་རེད།