དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་ས་གནས་ཁག་གིས་ཁོར་ཡུག་ཉིན་མོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-07

    འདི་ནི་ཆབ་མདོ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་གོ་འཇོ་རྫོང་ཡན་ལག་ཅུས་ཀྱི་ལས་དོན་པས་ཁོར་ཡུག་ཉིན་མོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བཞིན་པ།

    ད་ལོའི་དྲུག་ལྔའི་ཁོར་ཡུག་ཉིན་མོའི་བརྗོད་དོན་གཙོ་བོ་ནི“ཀྲུང་གོ་མཛེས་སྡུག་ལྡན་པར་ང་ནས་འབད་བརྩོན་བྱེད”ཅེས་པ་དེ་ཡིན། ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་གནས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་པ་དང་དེར་རྒྱབ་སྐྱོར་ཧུར་ཐག་བྱས་ནས་མཉམ་དུ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུར་ཁྲིད་སྟོན་བྱས་ཡོད།

    རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གིས་རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་དང་། རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་སོགས་ཚན་པ་ཁག་6དང་མཉམ་དུ2025ལོའི“དྲུག་ལྔའི་ཁོར་ཡུག་ཉིན་མོར། ཀྲུང་གོ་མཛེས་སྡུག་ལྡན་པར་ང་ནས་འབད་བརྩོན་བྱེད”ཅེས་པའི་ཁོར་ཡུག་འགྱེད་འཕྲོའི་སྦགས་བཙོག་སྐོར་གྱི་ཚན་རིག་ཁྱབ་གདལ་གྱི་སྤྱི་དམངས་སྒོ་དབྱེའི་ཉིན་མོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་སྤེལ་ཡུལ་དུ་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པ་དང་། དེར་ལས་རིགས་ཁག་གི་འགྱེད་འཕྲོའི་སྒྲིག་ཆས་གཙོ་བོའི་ཚན་རིག་ཁྱབ་གདལ་ཤེས་བྱའི་འགྲེམས་པང་འཛུགས་པ་དང་། ཤེས་བྱའི་ལག་དེབ་སྤྲོད་པ། ཁོར་ཡུག་གནད་དོན་བློ་འདོན་བྱེད་པ། འགྱེད་འཕྲོར་ལྟ་ཞིབ་ཚད་ལེན་མྱོང་རོལ་བྱེད་པ་སོགས་ཀྱི་བྱེད་སྟངས་བརྒྱུད་གློག་ངར་གློག་གྱེས་ཀྱི་འགྱེད་འཕྲོའི་ཤེས་བྱ་ཞིབ་ཚགས་པོས་དྲིལ་བསྒྲགས་བྱས་པ་རེད།

    རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གིས་ད་དུང་རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་མཉམ་དུ་སློབ་གྲྭ་འབྲིང་ཆུང་800ཡི་དགེ་སློབ་ཁྲི་20ལྷག་ཙམ་སྒྲིག་འཛུགས་བྱས་ནས་མཉམ་དུ《དང་བླངས་ངང་རི་སྔོན་ཆུ་དྭངས་ལ་སྲུང་སྐྱོང་བྱེད་པ》དང་། 《རང་གི་མིག་ལ་གཅེས་པ་ལྟར་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ》 《བྱང་ཐང་གི་རི་སྐྱེས་སྲོག་ཆགས》སོགས་ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་པར་གཞི་བལྟས་པ་རེད།

    ཚེས་5ཉིན། ཆབ་མདོ་གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་དྲུག་ལྔའི་ཁོར་ཡུག་ཉིན་མོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། ཆབ་མདོ་གྲོང་ཁྱེར་གྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཐོབ་པའི་ཕན་འབྲས་ཕྱོགས་ཡོངས་ནས་བསྟན་ཡོད། ཆབ་མདོ་གྲོང་ཁྱེར་གྱིས་ས་མཐོའི་དོན་དངོས་དང་མཐུན་ལ་ཆབ་མདོའི་དམིགས་བསལ་ཁྱད་ཆོས་ལྡན་པའི“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་གྱི་ཐབས་ལམ་གསར་པ་འཚོལ་རྒྱུར་གཞོལ་ནས“སྙིགས་མེད”ཀྱི་འདུ་ཤེས་གཞི་རིམ་དུ་དྲིལ་བསྒྲགས་གཏིང་ཟབ་བྱས་པས། སྤྱི་དམངས་ཀྱི“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་ཐད་ཀྱི་ཤེས་ཚད་དང་། ཞུགས་ཚད། བློ་ཡིད་ཚིམ་ཚད་བཅས་མཐོ་རུ་ཕྱིན་ནས་ཆབ་མདོའི་ལྗང་མདོག་འཕེལ་རྒྱས་ཀྱི་མཛེས་རིས་ཤིག་ཐུན་མོང་ཐོག་གཏོད་ཐུབ་པ་བྱུང་ཡོད།

    ཟླ་6ཚེས་5ཉིན་རྒྱལ་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྒྲིག་ཆས་དང་གྲོང་ཁྱེར་གྱི་བཙོག་ཆུ་གད་སྙིགས་གཙང་སེལ་སྒྲིག་ཆས་སྤྱི་དམངས་ལ་སྒོ་ཕྱེ་བའི་ཚན་པ་ཁག་དང་པོ་ཡིན་པའི་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས་ཁོར་ཡུག་སྲུང་སྐྱོང་སྒྲིག་ཆས་སྤྱི་དམངས་ལ་སྒོ་ཕྱེ་བའི་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་པས་སྤྱི་དམངས་ལ་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་རྒྱབ་ལྗོངས་གནས་ཚུལ་དང་། རྩ་བའི་རིགས་པ། འབྲེལ་ཡོད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་བཅས་ངོ་སྤྲོད་བྱས་པ་རེད།

    སྤྱི་ཚོགས་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་པ་དང་དེར་རྒྱབ་སྐྱོར་བྱ་རྒྱུར་སྔར་བས་ཁྲིད་སྟོན་བྱས་ནས་མཉམ་དུ་མཛེས་སྡུག་ལྡན་པའི་གཞིས་རྩེ་འཛུགས་སྐྲུན་བྱ་ཆེད། ཚེས་5ཉིན་གཞིས་རྩེ་གྲོང་ཁྱེར་གྱིས་ཁོར་ཡུག་སྲུང་སྐྱོང་ཉིན་མོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་སྤེལ་རིང་། དྲིལ་བསྒྲགས་དཔྱད་ཡིག་ཁྲི་2ལྷག་ཙམ་བཀྲམ་པ་དང་སྐྱེ་ཁམས་ཤེས་དཔལ་དྲིལ་བསྒྲགས་འཕྲིན་ཐུང་ཁྲི་8བཏང་ཡོད།

    ནག་ཆུ་གྲོང་ཁྱེར་གྱི་ཁོར་ཡུག་ཉིན་མོའི་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་དུ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་གཅིག་མཇུག་གཉིས་མཐུད་ངང་མིང་བཀོད་དེ་མཛེས་སྡུག་ལྡན་པའི་ཁོར་ཡུག་སྐྲུན་འདོད་ཀྱི་འདུན་པ་དང་ཁྱིམ་གཞིས་སྲུང་སྐྱོང་གི་འགན་འཁྲི་མཚོན་པར་བྱས་ཤིང་། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་རེས་ཀྱི་བྱེད་སྒོར་མང་ཚོགས་500ལྷག་ཙམ་ཞུགས་ཡོད་པ་དང་། ས་གནས་ས་ཐོག་ཏུ་དྲིལ་བསྒྲགས་དཔྱད་ཡིག་དང་དྲིལ་བསྒྲགས་དངོས་པོ་8000ལྷག་ཙམ་སྤྲད་པ་མ་ཟད། ནག་ཆུ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་གསེར་རྙེད་ཆུས་ཡན་ལག་ཅུས་ཀྱིས་ད་དུང“སྙིགས་མེད་གྲོང་ཁྱེར”འཛུགས་གཏོད་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས་མང་ཚོགས་ལ“སྙིགས་མེད་གྲོང་ཁྱེར”གྱི་འདུ་ཤེས་ཁྱབ་གདལ་བཏང་བ་མ་ཟད། “སྙིགས་མེད་ཕྲ་ཕུང”འཛུགས་གཏོད་ལམ་ལྷོངས་དཔེ་མཚོན་བསྟན་ནས་རྒྱ་ཆེའི་མང་ཚོགས་ལ“སྙིགས་མེད”ཀྱི་འདུ་ཤེས་སྔར་བས་གཏིང་ཟབ་བཙུགས་ཏེ་མཛེས་སྡུག་ལྡན་པའི་གསེར་རྙེད་འཛུགས་སྐྲུན་བྱ་ཆེད་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད།

    ཉིན་ཤས་བསྟུད་མར། མངའ་རིས་ས་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་དྲིལ་བསྒྲགས་ཀྱི“ཁྱབ་གདལ་ལྔའི”བྱེད་སྒོ་དང་། ཁོར་ཡུག་སྲུང་སྐྱོང་སྒྲིག་ཆས་སྤྱི་དམངས་ལ་སྒོ་ཕྱེ་བ་སོགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྔ་རྗེས་སུ་སྤེལ་ནས་སྤྱི་དམངས་ལ་ཁོར་ཡུག་སྲུང་སྐྱོང་སྒྲིག་ཆས་འཁོར་སྐྱོད་བྱ་ཚུལ་དང་གཙང་སེལ་གྱི་བརྒྱུད་རིམ་ཐད་ཀར་ཤེས་སུ་བཅུག་པས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་བསམ་ཤེས་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་ཕྱིན་ཡོད།

    ཟླ་6ཚེས་5ཉིན། ལྷོ་ཁ་གྲོང་ཁྱེར་གྱིས་ཕུན་སུམ་ཚོགས་པའི་ཁོར་ཡུག་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། ལྷོ་ཁ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་དྲིལ་བསྒྲགས་བྱ་ཡུལ་དུ་ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པས་ཚང་མར་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཞིབ་དཔྱོད་གྱོད་གཞི་རིགས་དང་། བདག་སྤྲོད་ཁྱབ་ཁོངས། ཞིབ་དཔྱོད་ལས་ཁུངས་ཀྱི་གྱོད་གཞིའི་ལས་རིམ་བཅས་གཙོ་གནད་དུ་ངོ་སྤྲོད་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་དང་སྣེ་གདོང་ཆུས་རིམ་གཉིས་ཞིབ་དཔྱོད་ལས་ཁུངས་ཀྱིས་མི་མེད་གནམ་གྲུས་པར་ལེན་དང་ཆུའི་སྤུས་ཚད་མགྱོགས་མྱུར་ཞིབ་བཤེར་བྱེད་པའི་སྒྲིག་ཆས་སོགས་ཚན་རྩལ་ལག་རྩལ་སྤྱད་དེ་དཔང་ལེན་ཐུབ་ཚད་མཐོ་རུ་བཏང་བ་མ་ཟད། “ཞིབ་དཔྱོད་གྲོས་འགོ་དང་ཡོངས་བསྒྲགས་གཟུ་ཉན་ཟུང་དུ་འབྲེལ་བའི”བྱེད་ཐབས་བརྒྱུད་གནད་དོན་དག་ཐེར་ལ་ཕྱི་གསལ་ནང་གསལ་ཡོང་བར་སྐུལ་འདེད་བཏང་བར་མང་ཚོགས་ཀྱི་བསྔགས་བརྗོད་དང་ཁས་ལེན་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།