2025ལོའི“ཞབས་ཞུའི་འཛད་སྤྱོད་དུས་ཚིགས”ཀྱི་བྱེད་སྒོ་སྤེལ་འགོ་ཚུགས་པ།
ཟླ་6ཚེས་3ཉིན། 2025ལོའི“ཞབས་ཞུའི་འཛད་སྤྱོད་དུས་ཚིགས”ཀྱི་བྱེད་སྒོ་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་དུ་སྤེལ་འགོ་ཚུགས་པ་རེད། བྱེད་སྒོ་དེ་ཟླ་6པར་སྤེལ་འགོ་ཚུགས་པ་ནས་ལོ་མཇུག་བར་རྒྱུན་མཐུད་ནས་སྤེལ་རྒྱུ་ཡིན་ཞིང་། “སྲིད་གཞུང་གི་ཁྲིད་སྟོན་དང་། ཁྲོམ་རའི་འཁོར་སྐྱོད། གསར་གཏོད་སྤུས་འཕར། དམངས་ཕན”བཅས་ཀྱི་རྩ་དོན་གཞིར་བཟུང་། སྡེ་ཚན་དང་། ས་གནས། མཐུན་ཚོགས། ལས་སྟེགས། ཁེ་ལས། སྨྱན་སྦྱོར་བཅས་ཀྱི་ནུས་པ་གང་ལེགས་བཏོན་ཏེ་བཟའ་བཏུང་དང་། ཞག་སྡོད། ཁྱིམ་ལས། རྒན་གསོ། རིག་གནས་རོལ་རྩེད། ཡུལ་སྐོར། ལུས་རྩལ། བདེ་ཐང་སོགས་གཙོ་གནད་ཁྱབ་ཁོངས་10ལྷག་ཙམ་ལ་དམིགས་ཏེ། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བ་དང་ཚོང་དུད་ཧུར་ཐག་ཞུགས་པའི་ཞབས་ཞུའི་འཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་ཁག་160ལྷག་ཙམ་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ་རེད།
2025ལོའི“ཞབས་ཞུའི་འཛད་སྤྱོད་དུས་ཚིགས”ཀྱི་འཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་རབ་དང་རིམ་པ་ཚོང་དོན་པུས་སྣེ་ཁྲིད་ནས་སྒྲིག་འཛུགས་བྱས་ཏེ་ཚོང་ལས་དང་། ཡུལ་སྐོར། རིག་གནས་དང་ལུས་རྩལ། བདེ་ཐང་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན་ཞིང་། གཟིགས་སྐྱོང་བྲིན་ཚོང་དང་། མྱོང་དཔྱད་ཉམས་ལེན། ལམ་ཐིག་ཁྱབ་བསྒྲགས། འགྲེམས་སྟོན་འོས་སྦྱོར། རྩལ་ནུས་འགྲན་བསྡུར་སོགས་རྣམ་པ་སྣ་ཚོགས་བརྒྱུད། ཞབས་ཞུའི་འཛད་སྤྱོད་ཀྱི་རྣམ་པ་གསར་གཏོད་དང་། གཉེར་སྐྱོང་བྱེད་པོའི་གསོན་ཤུགས་སྐུལ་སྤེལ། མཁོ་སྤྲོད་ཀྱི་སྤུས་ཚད་མཐོར་གཏོང་། ཞབས་ཞུའི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་པ་བཅས་བྱས་ནས། ཞབས་ཞུའི་འཛད་སྤྱོད་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་ཧུར་ཐག་བྱ་རྒྱུ་རེད།
འགོ་ཚུགས་མཛད་སྒོར་ཚོང་དོན་པུའི་ཞབས་ཞུ་ཚོང་དོན་དང་ཚོང་དོན་ཞབས་ཞུ་ལས་སྒོ་སི་ཡིས་2025ལོའི་རྒྱལ་ཡོངས་ཀྱི“ཞབས་ཞུའི་འཛད་སྤྱོད་དུས་ཚིགས”ཀྱི་བྱེད་སྒོའི་ཇུས་གཞི་ཁྱབ་བསྒྲགས་བྱས་པ་དང་། ཅང་སུའུ་ཞིང་ཆེན་ཚོང་དོན་ཐིང་དང་ནན་ཅིན་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་ཞབས་ཞུའི་འཛད་སྤྱོད་ཀྱི་གཟིགས་སྐྱོང་ལག་རྟགས་དང“ནན་ཅིང་གིས་ཞབས་ཞུ་ལོངས་སུ་སྤྱོད་པའི”འཛད་སྤྱོད་ལེགས་འདེམས་ཕྱོགས་སྟོན་སོ་སོར་ཁྱབ་བསྒྲགས་བྱས་པ་རེད།(པ་ཕན་གྱིས་བསྒྱུར། བདེ་དབང་གིས་ཞུས)