མཉམ་འདྲེས་ལ་སྐུལ་འདེད་བཏང་། ཁྱིམ་གཞིས་ལ་སྲུང་སྐྱོང་བྱས།
ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱིས་སྡེ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།
འདི་ནི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བྱ་ས་ཁྲོམ་གཞུང་སྐར་དམར་སྡེ་ཁུལ་གྱིས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་སུ་ཉོ་སྐྱེལ་བ་དང་། མྱུར་སྐྱེལ་བ། གླ་འཁོར་གྱི་ཁ་ལོ་བ་སོགས་ལས་ཞུགས་ཀྱི་ཚོགས་སྤྱི་གསར་པར་གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་བྱེད་སྒོར་ཞུགས་པར་སྐུལ་མ་བྱེད་བཞིན་པ།
འདི་ནི“ལྷོ་ཁ་ཁྱུང་དཀར་ལྡིང་ཅིན་ལུང་སྤྲོ་སྐྱིད་ཁྱིམ་ཚང”ཞེས་པའི་རྒན་རྒོན་ཟ་ཁང་ལ་སྒོ་བྱང་འགེལ་བའི་མཛད་སྒོ་འཚོག་ཡུལ་ཡིན་པ།
ཉེ་ཆར་རྩེད་ཐང་ཁྲོམ་གཞུང་ཁྱུང་དཀར་ལྡིང་སྡེ་ཁུལ་གྱི“ལྷོ་ཁ་ཁྱུང་དཀར་ལྡིང་ཅིན་ལུང་སྤྲོ་སྐྱིད་ཁྱིམ་ཚང”ཞེས་པའི་རྒན་རྒོན་ཟ་ཁང་ལ་སྒོ་བྱང་བཀལ་བ་དེ་ཐོག་ནས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱིས་སྒར་རེས་རྣམ་པའི་སྡེ་ཁུལ་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་ཐོག་སླར་ཡང་གོམ་པ་བརྟན་པོ་ཞིག་སྤོས་པ་མཚོན་ཡོད།
ཁེ་ལས་ཀྱིས་མ་དངུལ་བཏང་བ་དང་སྡེ་ཁུལ་གྱིས་ནུས་ཤུགས་བཏོན་ནས་མཉམ་དུ་བསྐྲུན་པའི་དམངས་འཚོའི་འདུ་འགོད་འདི་ནི་རྒྱལ་ཁབ་ཀྱི་རྒན་གསོའི་ཞབས་ཞུའི་སྲིད་ཇུས་དོན་འཁྱོལ་བྱས་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་པ་མ་ཟད། སྣེ་གདོང་ཆུས་ཀྱིས་མི་རིགས་མང་པོ་འདུས་སྡོད་ཁུལ་གྱི་གཞི་རིམ་བཅོས་སྐྱོང་གསར་གཏོད་འཚོལ་ཞིབ་བྱེད་པའི་བསྡུས་རིས་ཤིག་ཀྱང་ཡིན། ས་མཐོའི་གནའ་གྲོང་ནས་དེང་རབས་ཀྱི་སྡེ་ཁུལ་བར་སྣེ་གདོང་ཆུས་ཀྱིས་མཉམ་སྡོད་དང་། མཉམ་སྦྱོང་། མཉམ་སྒྲུབ། མཉམ་སྤྲོ་བཅས་དམིགས་ཡུལ་དུ་བྱས་ནས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལེའུ་གསར་པ་ཞིག་རྩོམ་བཞིན་ཡོད།
ཕྱོགས་མང་པོ་མཉམ་ལས་བྱས་ཏེ་སྡེ་ཁུལ་གྱི་རྨང་གཞིའི་སྒྲོམ་གཞི་བཙུགས་པ།
རྒན་རྒོན་ཟ་ཁང་བསྐྲུན་ནས་གཉེར་སྐྱོང་བྱས་པ་དེ་ནི་སྣེ་གདོང་ཆུས་སྲིད་གཞུང་གིས་གཙོ་ཁྲིད་དང་། ཁེ་ལས་ཞུགས་པ། སྤྱི་ཚོགས་མཐུན་སྦྱོར་བཅོས་སྐྱོང་བཅས་ཀྱི་རྣམ་པའི་གཅིག་སྡུད་མཚོན་ཚུལ་ཞིག་རེད། ས་གནས་དེ་གའི་སྣེ་འདྲེན་ཁེ་ལས་ཤིག་ཡིན་པའི་ཅིན་ལུང་ཚོགས་པས་རང་འགུལ་ངང་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་ནས་མ་དངུལ་བཏང་སྟེ་ཟ་ཁང་བཙུགས་པ་དང་འབྲེལ་རྒྱུན་གཏན་གྱི་གཉེར་སྐྱོང་ནང་ཞུགས་པ་དང་། སྡེ་ཁུལ་གྱིས་གཞི་རིམ་བཅོས་སྐྱོང་གི་ལེགས་ཆ་འདོན་སྤེལ་བྱས་ནས་ཕྱོགས་ཁག་གི་ཐོན་ཁུངས་མཐུན་སྦྱོར་བྱས་ཏེ་མང་ཚོགས་ཀྱི་དགོས་མཁོར་ཞབས་འདེགས་གནད་ལ་འཁེལ་བ་ཞུ་བའི་འགན་ལེན་བྱས་ཡོད། “ཁེ་ལས་དང་སྡེ་ཁུལ”ཟུང་འབྲེལ་གྱི་མཉམ་ལས་བྱེད་སྟངས་དེ་རིགས་ཀྱིས་སྲིད་གཞུང་གི་ནོར་སྲིད་ཁུར་པོ་ཡང་དུ་བཏང་བ་མ་ཟད། སྡེ་ཁུལ་འཛུགས་སྐྲུན་ནང་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཞུགས་པའི་ཧུར་བརྩོན་རང་བཞིན་ལ་ཡང་སྐུལ་སློང་ཐུབ་ཡོད།
སྣེ་གདོང་ཆུས་ཨུད་ཀྱི་རྒྱུན་ཨུ་དང་རྩེད་ཐང་ཁྲོམ་གཞུང་ཏང་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཧོའུ་ཧྲུའུ་པིན་གྱིས“རྒན་རྒོན་ཟ་ཁང་བཙུགས་པ་ནི་སྣེ་གདོང་ཆུས་ཀྱིས‘ཏང་ཨུད་ཆེན་པོའི’ལས་ཀའི་ལམ་སྲོལ་གཏིང་ཟབ་ཏུ་བཏང་བའི་གྲུབ་འབྲས་ཤིག་ཡིན། ང་ཚོས་མུ་མཐུད་ཁོངས་གཏོགས་ཁུལ་གྱི་ཁེ་ལས་དང་། སྤྱི་ཚོགས་རྩ་འཛུགས། ལས་ཞུགས་ཀྱི་ཚོགས་སྤྱི་གསར་པ་སོགས་ཕྱོགས་མང་པོའི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས་མཉམ་སྐྲུན་མཉམ་སྐྱོང་མཉམ་སྤྱོད་བཅས་ཀྱི་སྡེ་ཁུལ་བཅོས་སྐྱོང་གི་རྣམ་པ་གསར་པ་ཞིག་འཛུགས་རྒྱུ་ཡིན”ཞེས་བཤད། ཕྱོགས་མང་མཉམ་ལས་ཀྱི་འདུ་ཤེས་དེ་རིགས་རྒན་རྒོན་ཟ་ཁང་གི་འཛུགས་སྐྲུན་ཐོག་ནས་མངོན་པ་མ་ཟད། སྣེ་གདོང་ཆུས་ཀྱི་སྡེ་ཁུལ་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་ཡང་ཁྱབ་ཡོད།
ཞབས་ཞུ་སྣ་མང་ཞུས་ནས་སྡེ་ཁུལ་གྱི་ལག་ལེན་གཞི་རྟེན་བཏོད་པ།
རྒན་རྒོན་ཟ་ཁང་གི་ཞབས་ཞུ་བྱ་ཡུལ་རྒན་རྒོན་ཕུད་ད་དུང་། མྱུར་སྐྱེལ་བ་དང་གླ་འཁོར་གྱི་ཁ་ལོ་བ་སོགས་ལས་ཞུགས་ཀྱི་ཚོགས་སྤྱི་གསར་པ་ཡང་ཡོད། ཞབས་ཞུའི་གནས་གཏན་འཁེལ་བྱས་པ་དེ་ཐོག་ནས་སྣེ་གདོང་ཆུས་སྡེ་ཁུལ་གྱིས་དགོས་མཁོ་སྣ་ཚོགས་ཁོང་དུ་ཆུད་པ་མཚོན་གྱི་ཡོད། ཟ་ཁང་གིས“རྒན་རྒོན་གྱི་ཟ་མ་དང་ལས་ཀའི་ཟ་མའི”སྣ་འདུས་བྱེད་སྟངས་བརྒྱུད། རྒན་རྒོན་གྱི་བཟའ་བཏུང་དཀའ་གནད་ཐག་གཅོད་བྱས་པ་མ་ཟད། ལས་ཞུགས་ཀྱི་ཚོགས་སྤྱི་གསར་པར་སྟབས་བདེ་བའི་བཟའ་བཏུང་ཞབས་ཞུ་མཁོ་འདོན་ཡང་བྱས་ནས། ལོ་ན་མི་འདྲ་བ་དང་ལས་རིགས་མི་འདྲ་བའི་ཚོགས་སྤྱིའི་དབར་སྤེལ་རེས་བཟང་པོ་མངོན་འགྱུར་བྱུང་ཡོད།
སྣེ་གདོང་ཆུས་ཀྱིས་སྡེ་ཁུལ་འཛུགས་སྐྲུན་བྱེད་རིང་། ཐོག་མཐའ་བར་གསུམ་དུ“ཞབས་ཞུ་མཉམ་འདྲེས”ཀྱི་འདུ་ཤེས་མཐའ་འཁྱོངས་བྱེད་ཅིང་། བྱ་ས་ཁྲོམ་གཞུང་དང་ལྷོ་ཁ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཏང་ཨུད་ཀྱིས་མཉམ་ལས་བྱས་ནས་བཙུགས་པའི་སྡེ་ཁུལ་ཟ་ཁང་གིས་ཕྱི་རོལ་གྱི་ལས་དོན་པར་བཟའ་བཏུང་ཞབས་འདེགས་ཞུས་པ་མ་ཟད། ད་དུང་ཁོང་ཚོ་སྡེ་ཁུལ་གྱི་སྐོར་སྐྱོད་དྲ་མིག་པར་གདན་དྲངས་བས་ཞབས་ཞུ་དང་བཅོས་སྐྱོང་མཉམ་འདྲེས་གཏིང་ཟབ་བྱུང་ཡོད། “ཞབས་ཞུ་ནི་བཅོས་སྐྱོང་ཡིན་པའི”རྣམ་པ་དེ་རིགས་སྣེ་གདོང་ཆུས་ཀྱི་སྡེ་ཁུལ་ཁག་ཏུ་རྩ་བ་ཚུགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ལ་འགྱུར་བཞིན་ཡོད།
ལམ་སྲོལ་གསར་གཏོད་བྱས་ནས་སྡེ་ཁུལ་གྱི་འཕེལ་རྒྱས་ཀྱི་རྣམ་པ་འཚོལ་ཞིབ་བྱས་པ།
རྒན་རྒོན་ཟ་ཁང་གི་གཉེར་སྐྱོང་བྱེད་སྟངས་ཐོག་ནས་སྡེ་ཁུལ་འཛུགས་སྐྲུན་བྱེད་རིང་སྣེ་གདོང་ཆུས་ཀྱི་གསར་གཏོད་བསམ་གཞིག་མཚོན་ཡོད། “སྤྱི་ཕན་དང་ཁྲོམ་ར”ཟུང་དུ་འབྲེལ་བའི་སྐུལ་འདེད་འོག ཟ་ཁང་གིས་སྤྱི་ཕན་གྱི་ངོ་བོ་བརྟན་སྲུང་བྱེད་པ་དང་ཆབས་ཅིག་ཁྲོམ་ར་ཅན་གྱི་གཉེར་སྐྱོང་ལམ་སྲོལ་ནང་འདྲེན་བྱས་ནས་ཞབས་ཞུའི་རྒྱུན་མཐུད་ཆོག་པའི་རང་བཞིན་འགན་ལེན་བྱས་པ་རེད། ལོ་ན་མི་འདྲ་བ་དང་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་ཚོགས་སྤྱིར་དམིགས་པའི་གཟིགས་སྐྱོང་སྲིད་ཇུས་དང་དེ་བཞིན་དམ་ནན་གྱི་བཟའ་བཅའི་བདེ་འཇགས་ལྟ་འདོམས་ལམ་ལུགས་ཀྱིས་རྒན་རྒོན་གྱི་ཁེ་དབང་འགན་སྲུང་བྱས་པ་མ་ཟད། ཞབས་ཞུའི་སྤུས་ཚད་ཀྱང་མཐོ་རུ་བཏང་ཡོད།
སྣེ་གདོང་ཆུས་ཀྱིས་སྡེ་ཁུལ་འཛུགས་སྐྲུན་བྱེད་རིང་ད་དུང་རིག་གནས་མཉམ་འདྲེས་ཀྱི་ནུས་པར་མཐོང་ཆེན་བྱེད་ཅིང་། སྐར་དམར་སྡེ་ཁུལ་གྱི“སེ་འབྲུ་དམར་པོའི་ཁྱིམ་གཞིས”དང་། ཁྱུང་དཀར་ལྡིང་སྡེ་ཁུལ་གྱི“བོད་མིའི་འབྱུང་ཁུངས་eགདོང་ལེན”སོགས་རིག་གནས་ཀྱི་སྤུས་རྟགས་བཏོད་ནས། མཐུན་འབྲེལ་བྱེད་སྒོ་དང་སྲོལ་རྒྱུན་དུས་ཆེན་གྱི་རྟེན་འབྲེལ་མཛད་སྒོ་སོགས་སྤེལ་བ་བརྒྱུད། མི་རིགས་ཁག་གི་གྲོང་མིའི་མཐུན་སྒྲིལ་མཛའ་གྲོགས་ལ་སྐུལ་འདེད་བཏང་ཡོད། རིག་གནས་ལ་བརྟེན་ནས་མི་སེམས་ལ་སྐུལ་མ་གཏོང་བའི་བྱེད་ཐབས་དེ་རིགས་ཀྱིས་སྒར་རེས་རྣམ་པའི་སྡེ་ཁུལ་འཛུགས་སྐྲུན་ལ་བསམ་པའི་ནང་དོན་གཏིང་ཟབ་བསྣན་ཡོད།
ཁྱུང་དཀར་ལྡིང་སྡེ་ཁུལ་གྱི་རྒན་རྒོན་ཟ་ཁང་ནས་སྐར་དམར་སྡེ་ཁུལ་གྱི“ཆུང་གྲས་དྲུག་དང་མཉམ་འདྲེས་དྲུག”གི་རྣམ་པ་བར། སྣེ་གདོང་ཆུས་ཀྱིས་ཕར་ཆིན་རྒྱག་པའི་སྙིང་སྟོབས་ལ་བརྟེན་ནས་སྡེ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བཞིན་ཡོད། འཛུགས་སྐྲུན་དེ་རིགས་ནི་ཁོར་ཡུག་བསྐྱར་སྐྲུན་བྱེད་པ་ཞིག་ཡིན་ལ། སྤྱི་ཚོགས་ཀྱི་འབྲེལ་བ་བསྐྱར་དུ་འཛུཌ་པ་ཞིག་ཀྱང་ཡིན་ཞིང་། ཞབས་ཞུ་ཇེ་ལེགས་སུ་བཏང་བ་ཞིག་ཡིན་པ་མ་ཟད། བཅོས་སྐྱོང་ནུས་པའི་དེང་རབས་ཅན་ཞིག་ཀྱང་ཡིན། སྣེ་གདོང་ཆུས་སུ་མི་རིགས་མི་འདྲ་བ་དང་ལས་རིགས་མི་འདྲ་བའི་གྲོང་མིས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་བཞིན་ཡོད་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསོན་ཉམས་ལྡན་པའི་ལེའུ་ཐུན་མོང་ཐོག་རྩོམ་བཞིན་ཡོད།