2025ལོའི་བོད་ལྗོངས་འཛིན་གྲྭའི་ཉིང་ཁྲིའི་ཁྱིམ་བདག་ཀོང་ཏུང་དུ་བསྐྱོད་པའི་བྱེད་སྒོ་ཧྥོ་ཧྲན་དུ་གཉེར་བ།
འདི་ནི་ཁྱིམ་བདག་དང་སློབ་མ་མཉམ་དུ་ཁ་ལག་ཟ་བཞིན་པ།
ཀོང་ཏུང་དང་ཉིང་ཁྲིའི་སློབ་གསོའི་མཉམ་ལས་ནང་དོན་སྔར་བས་ཟབ་ཏུ་བཏང་ནས་ཡུལ་ལུང་གཉིས་ཀྱི་མི་རིགས་དབར་གྱི་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བཅས་ཀྱི་རྣམ་པ་རྒྱ་ཆེར་གཏོང་ཆེད། ཉེ་ཆར། ཀོང་ཏུང་ཞིང་ཆེན་སློབ་གསོ་ཐིང་དང་། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་། ཧྥོ་ཧྲན་གྲོང་ཁྱེར་མི་དམངས་སྲིད་གཞུང་། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པ་བཅས་ཀྱིས་མཛུབ་ཁྲིད་བྱས་ཤིང་། ཉིང་ཁྲི་གྲོང་ཁྱེར་སློབ་གསོ་ཅུས་དང་ཧྥོ་ཧྲན་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་གཙོ་གཉེར་བྱས་པའི“སེ་འབྲུའི་རྡོག་པོ་མཉམ་དུ་སྐྱོང་། འཚར་ལོངས་ལམ་བུར་མཉམ་དུ་སྐྱོད”ཅེས་པའི་2025ལོའི་བོད་ལྗོངས་འཛིན་གྲྭའི་ཉིང་ཁྲིའི་ཁྱིམ་བདག་ཀོང་ཏུང་དུ་བསྐྱོད་པའི་བྱེད་སྒོ་ཧྥོ་ཧྲན་གྲོང་ཁྱེར་སློབ་འབྲིང་དང་པོར་གཉེར་བ་རེད། བོད་ལྗོངས་འཛིན་གྲྭའི་དགེ་སློབ་དང་ཁྱིམ་བདག་འཐུས་མི་དང་དེ་བཞིན་འཛིན་གྲྭ་གཉེར་མཁན་སློབ་གྲྭའི་འགན་འཁུར་བློ་མཐུན་སོགས་མི་120ལྷག་ཙམ་ཞུགས་ཡོད་པ་རེད།
ཀོང་ཏུང་ཞིང་ཆེན་སློབ་གསོ་ཐིང་གི་འབྲེལ་ཡོད་འགན་འཁུར་བས། ཀོང་ཏུང་ཞིང་ཆེན་གྱིས་བོད་ལྗོངས་འཛིན་གྲྭ་གཉེར་བའི་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱས་ནས་དེ་ཉིད་མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ་དང་བོད་ལ་ཤེས་ལྡན་པ་གསོ་སྐྱོང་དང་དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ལས་འགན་གཙོ་བོ་ཞིག་ཏུ་བརྩི་བཞིན་ཡོད། མིག་སྔར། ཞིང་ཆེན་ཡོངས་སུ་བོད་ལྗོངས་འཛིན་གྲྭ་གཉེར་མཁན་སློབ་གྲྭ་11ཡོད་པ་དེ་དག་གིས་རྨང་གཞིའི་སློབ་གསོ་དང་ལས་རིགས་སློབ་གསོར་ཁྱབ་པའི་གསོ་སྐྱོང་མ་ལག་ཆ་ཚང་ཞིག་བཙུགས་ནས་མི་རིགས་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཀོང་ཏུང་གི་ཇུས་གཞི་མཁོ་འདོན་བྱས་ཡོད་ཅེས་བརྗོད།
ཉིང་ཁྲི་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ད་རེས་ཀྱི་བྱེད་སྒོ་ལས་ཀོང་ཏུང་དང་ཉིང་ཁྲི་ས་གནས་གཉིས་ཀྱི་སློབ་གསོའི་བོད་སྐྱོར་གྱི་མཛའ་གཅུགས་ཟབ་མོ་དང་ཁྱིམ་ཚང་དང་སློབ་གྲྭའི་ཐུན་མོང་གི་གསོ་སྐྱོང་གི་དགོས་མཁོ་རྨང་གཞིར་བྱས་ནས། ཉིང་ཁྲིའི་ཁྱིམ་བདག་ལ་བོད་ལྗོངས་འཛིན་གྲྭ་གཉེར་ཚུན་གྱི་གྲུབ་འབྲས་བསྟན་པ་དང་། བོད་ལྗོངས་འཛིན་གྲྭའི་སློབ་གསོའི་ཐད་ཀྱི་སྤྱི་ཚོགས་ཀྱི་ངོས་འཛིན་ཟབ་ཏུ་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་སྤྱི་ཚོགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ཡོད་ཅེས་བརྗོད།
བྱེད་སྒོ་སྤེལ་རིང་། ཁྱིམ་བདག་གི་འཐུས་མི་ཧྥོ་ཧྲན་སློབ་གྲྭར་བསྐྱོད་ནས་སློབ་གྲྭའི་ཁོར་ཡུག་ལ་རྒྱུས་ལོན་དང་། སློབ་གྲྭའི་འཚོ་བར་མྱོང་རོལ། སློབ་མ་དང་མཉམ་དུ་ཁ་ལག་ཟ་བ། ཧྥོ་ཧྲན་གྱི་ཆ་སྒྲིག་ཁྱིམ་ཚང་དང་སྤེལ་རེས་ཟབ་མོ་བྱས་པ་རེད།