བསམ་གྲུབ་རྩེ་ཆུས་གྲོང་བྱང་ཁྲོམ་གཞུང་གིས“འགག་རྩའི་དོན་ཆུང”ཐག་གཅོད་བྱས་ནས་གཞི་རིམ་བཅོས་སྐྱོང་གི་ནུས་པ་ཆེ་རུ་བཏང་བ།
ཉེ་བའི་ལོ་ཤས་རིང་། བསམ་གྲུབ་རྩེ་ཆུས་གྲོང་བྱང་ཁྲོམ་གཞུང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གཞི་རིམ་བཅོས་སྐྱོང་གི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། མང་ཚོགས་ཀྱི་འཕྲལ་མཁོ་དང་། སེམས་ཁྲལ། དཀའ་ངལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ནས་གྲོང་ཁུལ་རྙིང་པའི་རླངས་འཁོར་འཇོག་དཀའ་བ་དང་ས་འོག་སྦུ་གུ་འགག་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་དམངས་འཚོའི་འདུ་འགོད་ཀྱི་གཙོ་གནད་དུ་བཟུང་ནས་སྐུལ་འདེད་བཏང་བ་རེད།
མང་ཚོགས་ཀྱི་རླངས་འཁོར་འཇོག་དཀའ་བ་དང་འགྲོ་སྐྱོད་དཀའ་བའི་གནད་དོན་ལ་དམིགས་ནས། གྲོང་བྱང་ཁྲོམ་གཞུང་གིས་དམངས་ཀྱི་བསམ་ཚུལ་བསྡུ་ལེན་རྒྱ་ཁྱབ་བྱས་པ་མ་ཟད། ཕྱོགས་མང་པོ་དང་གྲོས་མོལ་དང་ས་གནས་ས་ཐོག་ཏུ་སྐོར་ཞིབ་ཐེངས་མང་བྱས་པ་བརྒྱུད། མཐར་ཁོངས་གཏོགས་ཁུལ་གྱི་གཞུང་ཁང་བཤིག་པའི་ས་སྟོང་དང་བེད་མེད་ས་ཆ་སྤྱད་དེ་དམངས་ཕན་རླངས་འཁོར་འཇོག་ས་བསྐྲུན་རྒྱུའི་ཐག་བཅད་པ་དང་། 《དམངས་ཕན་རླངས་འཁོར་འཇོག་སའི་དོ་དམ་བྱ་ཐབས》བཟོས་ནས་གྲོན་བསྡུའི་ཚད་གཞི་ལེགས་སུ་བཏང་བ་རེད། མིག་སྔའི་བར། ཁོངས་གཏོགས་ཁུལ་དུ་དམངས་ཕན་རླངས་འཁོར་འཇོག་ས་4མཉམ་དུ་བསྐྲུན་པ་དང་ཐོག་མེད་རླངས་འཁོར་འཇོག་ས་200ལྷག་ཙམ་གསར་དུ་བསྐྲུན་པར་མ་དངུལ་སྒོར་ཁྲི་60ལྷག་ཙམ་བཏང་སྟེ། ཉེ་འཁོར་གྱི་མང་ཚོགས་དུད་ཚང་900ལྷག་ཙམ་གྱི་རླངས་འཁོར་འཇོག་དཀའ་བ་དང་འགྲོ་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་རེད།
རྟ་མགྲིན་བཟང་ཆུ་སྡེ་ཁུལ་གྱི་གྲོང་མིས་སྲང་ལམ་ནང་གི་ས་འོག་སྦུ་གུ་འགགས་ཏེ་བཙོག་ཆུ་ལམ་ཁར་ལུད་ནས་གྲོང་མིའི་རྒྱུན་གཏན་གྱི་འཚོ་བར་ཤུགས་རྐྱེན་ཆེན་པོ་བཟོ་ཡི་འདུག་ཅེས་པའི་བསམ་འཆར་བཏོན་པར་དམིགས་ནས། མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་བྱང་ཁྲོམ་གཞུང་གིས་མགྱོགས་མྱུར་བྱ་སྤྱོད་སྤེལ་བ་དང་། ཆེད་དངུལ་སྒོར་ཁྲི་4ལྷག་ཙམ་བཏང་ནས་ཆེད་ལས་གཙང་སེལ་ཚོགས་པ་དང་མཐུན་སྦྱོར་ཧུར་ཐག་གིས་འགག་པའི་སྦུག་ལམ་ཁག་བགོས་ཏེ་གཙང་སེལ་བྱས་ཤིང་། མིག་སྔའི་བར་སྦུག་ལམ་སྨི་100ལྷག་ཙམ་གཙང་སེལ་བྱས་ཟིན་པ་རེད།