པ་སྣམ་རྫོང་གིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ནས་མང་ཚོགས་ཀྱི་ངོ་བཅར་ལ་སྣེ་ལེན་ཞུ་རུ་བཅུག་པ།
ད་ལོ་ནས་བཟུང་པ་སྣམ་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་དོན་དངོས་ལ་གཞི་ཚུགས་ཏེ། རྫོང་དང་ཤང་གི“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས”དང“འཐུས་མིའི་ཚོགས་ཆུང”ལ་བརྟེན་ནས་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ཏེ“མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མང་ཚོགས་ཀྱི་ངོ་བཅར་ལ་སྣེ་ལེན་ཞུ་བའི་ཉིན་མོའི”བྱེད་སྒོ་ཧུར་ཐག་སྤེལ་ནས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་བཏང་བ་རེད།
པ་སྣམ་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཤང་དང་གྲོང་རྡལ་ཁག་སྒྲིག་འཛུགས་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མང་ཚོགས་ཀྱི་ངོ་བཅར་ལ་སྣེ་ལེན་ཞུ་བའི་ལས་དོན་ལ་ཞུགས་པའི་བསམ་ཕྱོགས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། “མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ངོ་བཅར་ལ་སྣེ་ལེན་ཞུ་བའི”ལམ་ལུགས་བཟོས་པ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་ཀྱིས་ཟླ་རེར་ངོ་བཅར་ལ་སྣེ་ལེན་ཞུ་བའི་བྱེད་སྒོ་སྤེལ་ཞིང་། ཤང་དང་གྲོང་རྡལ་གྱི་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི་ཚོགས་པ་དང་མཉམ་དུ་འགལ་བ་དང་རྩོད་གཞི་སེལ་བར་རོགས་རམ་བྱས་ཏེ། ཁང་སའི་རྩོད་གཞི་དང་ས་བསྡུ་བཤིག་སྤོའི་ཁ་གསབ། རྒྱུ་ནོར་རྩོད་གཞི་སོགས་ཀྱི་གནད་དོན་དྲུག་བདེ་བླག་ངང་ཐག་གཅོད་བྱས་ནས“དམངས་ཀྱི་རེ་འབོད་ལ། ང་ཡིས་བརྡ་ལན་ཞུ”ཐུབ་པར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད།
ངོ་བཅར་ལ་སྣེ་ལེན་ཞུ་རིང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མང་ཚོགས་ཀྱི་རེ་འདུན་ནན་ཏན་གྱིས་ཉན་པ་དང་གནད་དོན་ཞིབ་ཕྲ་ཟིན་བྲིས་བཀོད་པ་མ་ཟད། མང་ཚོགས་དང་འབྲེལ་གཏུག་སྤེལ་རེས་ཀྱང་གཏིང་ཟབ་བྱས་པ་རེད། འཕྲལ་དུ་ཐག་གཅོད་བྱེད་ཐུབ་པའི་གནད་དོན་ཐད་འཐུས་མི་ཚོས་ས་ཡུལ་དངོས་སུ་ལན་བཏབ་པ་དང་དོགས་གནད་བསལ་ནས་གནད་དོན་ཐག་གཅོད་ཇུས་གཞི་བཏོན་ཡོད། འཕྲལ་དུ་ཐག་གཅོད་མི་ཐུབ་པའི་གནད་དོན་ལ་དུས་ཐོག་ཏུ་གསེད་བཀྲོལ་ཐོ་འགོད་བྱས་པ་དང་། ངང་རྒྱུད་རིང་པོས་མང་ཚོགས་ལ་གནས་ཚུལ་གསལ་བཤད་བྱས་པ་མ་ཟད། རྗེས་སྙེག་ཡག་པོ་བྱས་ནས་གནད་དོན་ལ་ལན་འདེབས་ནུས་ལྡན་དང་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་པ་རེད། མིག་སྔའི་བར་ས་ཡུལ་དངོས་སུ་གནད་དོན་ཁག79ཡི་དོགས་གནད་བསལ་བའི་ཁར་གནད་དོན་ཁག་36མཐུན་སྦྱོར་ཐག་གཅོད་བྱེད་བཞིན་ཡོད་པ་རེད།