དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བགྲེས་སོང་བུ་ཆུང་དང་ཁོང་གི་ལོ་ཟླའི་རྟེན་མཛོད་ཁང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-06

    གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་གནས་རྙིང་ཤང་དུ་ཆགས་པའི་གནས་རྙིང་ཆོས་སྡེ་དགོན་མདུན་གྱི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་གནའ་བོའི་དགོན་པ་འདིའི་མདུན་གྱི་སྟར་པ་དང་པོའི་ཐོག་སོ་གཉིས་པའི་བོད་བཟོའི་ཐོག་ཁང་དུ“བོད་ཀྱི་སྲོལ་རྒྱུན་རིག་གནས་དགའ་ཚལ”ཞེས་རྒྱ་བོད་ཤན་སྦྱར་གྱི་སྒོ་བན་བཀལ་ཡོད།

    དམངས་ཁྲོད་རྟེན་མཛོད་ཁང་འདིའི་ནང་དུ་ལོ་ཟླའི་ཉམས་སད་ཐེག་པའི་འགྲེམས་རྫས་400ལྷག་ཙམ་བཤམས་ཡོད་ཅིང་། དེའང་ཐོག་སོ་དང་པོའི་འགྲེམས་ཁང་དུ་གདན་གོག་ཧྲུལ་གཅིག་གི་སྟེང་དུ་བསྡད་པའི་བོད་རྙིང་པའི་ཞིང་བྲན་དང་ཀོ་ལྕག་མཐོན་པོར་འཕྱར་བའི་སྐུ་དྲག་གི་འཇིམ་བརྙན་ཁྱད་པར་མངོན་གསལ་དོད་པ་དང་། བོད་གསར་པའི་འགྲེམས་ཁུལ་དུ་སྣུམ་ཐིང་ཐིང་གི་བོད་བཟོའི་ཁྱིམ་ཆས་དང་གྱང་སྟེང་དུ་བཀལ་བའི་སྐར་ལྔའི་དར་དམར་ཕན་ཚུན་གཅིག་ལ་གཅིག་གིས་བརྒྱན། དེ་ནས་ཤིང་སྐས་འཛེགས་ཏེ་ཐོག་སོ་གཉིས་པར་སྐྱོད་སྐབས། མིག་ལམ་དུ་འཆར་བ་ནི་སོ་ནམ་རིག་གནས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་དང་མི་རིགས་ཀྱི་འགོག་རྒོལ་ལོ་རྒྱུས་ཀྱི་དྲན་འཆར་འབའ་ཞིག་ཡིན་པ་སྟེ། ཞིང་བྲན་གྱི་གྲང་ཤུར་ཤུར་གྱི་ལྕགས་སྒྲོག་ནས་དབྱིན་འགོག་དམག་འཁྲུག་གི་རྫས་མདའི་བར་དང་། རྙིང་ཧྲུལ་དུ་གྱུར་པའི་གཞས་ཚིག་ལག་བྲིས་མ་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་རྒྱག་དབྱུག་དང་། སྣུམ་བཞུ། མཚར་རྡོ། རྫ་ཆས་རྙིང་པ། ཤིང་ཆས་རྙིང་པ། སྲོག་ཆགས་ཀྱི་ཀེང་རུས་སོགས་བར་གྱི་འགྲེམས་རྫས་ཚང་མ་ལས་ལོ་ཟླའི་བཞུར་རྒྱུན་ཁྲ་ལམ་མེར་མངོན་གྱི་ཡོད།

    རྟེན་མཛོད་ཁང་འདིའི་སྦྱིན་བདག་བུ་ཆུང་ནི་ལོ་59ལ་སླེབས་པའི་རྒན་ཡོལ་ཞུས་ཟིན་པའི་དགེ་རྒན་ཞིག་ཡིན་པ་དང་། ཁོང་གིས་ལོ་40ཙམ་གྱི་དུས་ཚོད་སྤྱད་ནས་ཐོག་ཁང་ཆུང་ཆུང་འདི“བོད་ཀྱི་རིག་གནས་ཀྱི་དྲན་འཆར་མཛོད”ཞིག་ལ་བསྐྲུན་པ་རེད།

    “འགྲེམས་རྫས་དེ་དག་ནི་སེམས་མེད་བེམ་པོ་ཙམ་ཞིག་མིན་པར་གསོན་པོར་གནས་པའི་ལོ་རྒྱུས་རེད” འགྲེམས་རྫས་མང་པོའི་ཁྲོད་ནས་མི་སེམས་འགུལ་བ་ནི་ཤིང་ལེབ་ཀྱིས་སྐྱོར་བརྒྱབ་པའི་ཇ་དམ་རྙིང་པ་དེ་རེད། “དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ཤང་ཡོངས་སུ་ཤེལ་གྱི་སྣོད་ཆས་ཧ་ལམ་མཐོང་རྒྱུ་མེད་པས་ཡུལ་མི་ཚོས་ཇ་དམ་འདིར་གཙིགས་ཆེན་པོ་བྱེད་ཀྱི་ཡོད”ཅེས་བུ་ཆུང་གིས་བཤད།

    གནས་རྙིང་ཤང་ནི་གནས་རྙིང་དབྱིན་འགོག་དམག་འཁྲུག་གི་གཡུལ་ས་གཙོ་བོ་རེད། དབྱིན་འགོག་དམག་འཁྲུག་གི་བྱས་རྗེས་འགྲེམས་སྟོན་ཁང་དུ་བུ་ཆུང་གིས་འགྲེལ་བཤད་རྒྱག་སྐབས་རང་དབང་མེད་པར་སྐད་ཤུགས་ཆུང་དུ་ཕྱིན། ཁོང་གིས་ཤེལ་སྒྲོམ་ནང་གི་རྫས་མདའ་དེ་ག་ལེར་ཨ་སློག་བརྒྱབ་སྟེ“མེ་མདའ་འདི་ལས་དམག་དམངས་ཀྱི་ཞུམ་མེད་སྙིང་སྟོབས་མཚོན་བཞིན་ཡོད”ཅེས་བཤད།

    “ངས་མི་དེ་བས་མང་བར་རིག་གནས་འདི་དག་ངོ་སྤྲོད་བྱེད་འདོད་འདུག”ཉར་ཚགས་དངོས་རྫས་ཇེ་མང་དུ་ཕྱིན་པ་དང་བསྟུན་བུ་ཆུང་གི་ལས་ཀ་དེར་མི་མང་པོའི་གདེང་འཇོག་དང་ཁས་ལེན་ཐོབ་པས། ཁོང་གིས་རང་ཉིད་ཀྱི་ཕྲག་ཐོག་གི་འགན་འཁྲི་ལྕི་པོ་ཡིན་པ་ངང་གིས་ཚོར། 2021ལོར་ཁོང་གཞི་རིམ་གྱི་སྒྲོག་འགྲེལ་པ་ཞིག་ཏུ་གྱུར། དུས་ཆེན་གལ་ཆེན་འཆར་རིམ་བཞིན་རྟེན་མཛོད་ཁང་ཆུང་ངུ་འདིར་སློབ་གྲྭའི་དགེ་སློབ་དང་ཏང་ཡོན་ལས་བྱེད་པས་ཁེངས། བུ་ཆུང་གིས་བོད་ཆས་ལེགས་པར་གྱོན་ནས་འགྲེམས་རྫས་དེ་དག་གི་ལོ་རྒྱུས་རེ་རེ་བཞིན་ལ་འགྲེལ་བཤད་རྒྱག་གི་ཡོད་པས། དེ་སྔོན་ལྕགས་རོ་ཟོག་རོ་ཉར་ཚགས་བྱས་པ་རང་རེད་སྙམ་མཁན་གྱི་མི་རྣམས་ཀྱིས་ད་གཟོད་དེ་དག་གི་དོན་སྙིང་ངོ་མ་རྟོགས་པར་གྱུར།

    “དངོས་རྫས་དེ་དག་གིས་ནམ་ཡང་བདེན་དོན་གཉིས་གསལ་བཤད་བྱེད་པ་སྟེ། སྔོན་ཆད་ཀྱི་དཀའ་སྡུག་དང་ད་ཆའི་བདེ་སྐྱིད་ཡིན”བགྲེས་སོང་བུ་ཆུང་ལང་ཚོ་དར་ལ་བབས་དུས་དཔེ་ཁྲིད་མི་སྐྱོང་གི་ལས་ལ་གཞོལ་ནས་སློབ་མ་མང་པོ་གསོ་སྐྱོང་བྱས་པ་དང་། ད་ཆ་རྒན་ཡོལ་ཞུས་ནས་ཚེ་མཇུག་སྐྱིད་ལ་རོལ་བའི་དུས་སུའང་ཁོང་གིས“བོད་ཀྱི་སྲོལ་རྒྱུན་རིག་གནས་དགའ་ཚལ”བཙུགས་ཏེ། སྲོལ་རྒྱུན་རིག་གནས་དར་སྤེལ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་ནས་དུས་རབས་གསར་པའི་མང་ཚོགས་ཀྱི་གཟུགས་བརྙན་བཟང་པོ་མངོན་པར་བྱས་དང་བྱེད་མུས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།