དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “གཟིགས་དང་། འདི་ང་ཚོའི་ཁང་པ་རེད”

    དིང་རིའི་ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་མགྱོགས་མྱུར་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-06

    དིང་རིར་ས་ཡོམ་རིམ་པ་6.8བརྒྱབ་ནས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་སྤེལ་འགོ་ཚུགས་ཚུན། དེ་སྔ་ས་ཡོམ་གྱི་གནོད་འཚེ་ཕོག་པའི་ས་གཞི་འདི་མི་རྣམས་ཧང་སངས་དགོས་པའི་མྱུར་ཚད་ཐོག་ནས་སླར་གསོ་བསྐྱར་སྐྲུན་བྱེད་བཞིན་ཡོད་པས། གང་སར་སྐྱེ་སྟོབས་གསར་པ་མངོན་བཞིན་མཆིས།

    ཉེ་ཆར་གསར་འགོད་པ་དིང་རི་དང་། གཏིང་སྐྱེས། ལྷ་རྩེ། ངམ་རིང་སོགས་རྫོང་གི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་གནས་ཚུལ་ལ་བཅར་འདྲི་བྱེད་པར་སྐྱོད་སྐབས། མང་ཚོགས་ཀྱི་སྡོད་ཁང་བསྐྱར་སྐྲུན་རྣམ་གྲངས་ཚང་མ་གཅིག་གྱུར་འཆར་འགོད་འཛུགས་སྐྲུན་དང་། གཅིག་གྱུར་འཆར་འགོད་དང་ཁག་བགོས་འཛུགས་སྐྲུན། ཉམས་བཟོ་བརྟན་གཏོང་བཅས་བྱ་ཐབས་གསུམ་གྱི་ཐོག་ནས་སྐུལ་འདེད་མགྱོགས་མྱུར་བཏང་སྟེ། གནོད་འཚེ་ཕོག་པའི་མང་ཚོགས་དྲོ་སྐྱིད་ལྡན་པའི་སྡོད་ཁང་གསར་པར་སྔ་ཙམ་སྤོ་ཐུབ་པའི་བརྩོན་ལེན་བྱེད་བཞིན་ཡོད་པ་མཐོང་བྱུང་བས། གནོད་འཚེ་ཕོག་པའི་ཡུལ་མི་རྣམས་ཀྱི་བདེ་སྡོད་ཕུགས་འདུན་མངོན་འགྱུར་ཐུབ་ཉེར་ཡོད།

    ཟིང་དཀར་གྲོང་ཚོ་ནི་དིང་རི་རྫོང་གིས་གཅིག་གྱུར་འཆར་འགོད་འཛུགས་སྐྲུན་བྱས་པའི་སྲིད་འཛིན་གྲོང་ཚོ་27གྱི་གྲས་ཤིག་རེད། ཟིང་དཀར་གྲོང་ཚོའི་རྣམ་གྲངས་ལས་ཡུལ་དུ་སྐྱོད་སྐབས། ལས་བྲེལ་ཆེ་བའི་ཨར་ལས་ཀྱི་རྣམ་པ་ཞིག་མངོན་ཞིང་། མང་ཚོགས་ཀྱི་སྡོད་ཁང་སྟར་པ་5ཡི་ཐོག་བཀབ་ཡོད་པ་དང་། ཟླ་བ་ཚེ་རིང་གིས་གསར་དུ་ཉོས་པའི་སྐྱེལ་འདྲེན་རླངས་འཁོར་བཏང་ནས་དེ་གར་འཛུགས་སྐྲུན་རྒྱུ་ཆ་དབོར་འདྲེན་ལས་ལ་གཞོལ་བཞིན་འདུག

    ཞིག་རོར་གྱུར་པའི་སྡོད་ཁང་དག་ད་ཆ་གཞི་ཁྱོན་རགས་ཙམ་ལྡན་པའི་ཁྱིམ་གཞིས་གསར་པར་གྱུར་ཡོད། ཟླ་བ་ཚེ་རིང་ནི་བསྐྱར་སྐྲུན་ལས་ལ་ཞུགས་མཁན་ཞིག་རེད་ལ་ཁྱིམ་གཞིས་གསར་པའི་འཕོ་འགྱུར་གྱི་དཔང་པོ་བྱེད་མཁན་ཞིག་དེ་བས་ཀྱང་རེད། ཟླ་5་ཚེས་11ཉིན། འདི་གར་གེགས་རྗེས་བསྐྱར་སྐྲུན་གྱི་མང་ཚོགས་སྡོད་ཁང་ཐོག་མ་དེ་བསྐྲུན་པས། བསྐྱར་སྐྲུན་ལས་ལ་ཞུགས་མཁན་འཛུགས་སྐྲུན་པ་ཚང་མར་སེམས་ཤུགས་ཆེན་པོ་བྱུང་ཡོད། ཟླ་བ་ཚེ་རིང་གིས། “སྡོད་ཁང་གསར་པ་སྐྲུན་བཞིན་པ་མཐོང་དུས། སྡོད་ཁང་གསར་པར་གང་མགྱོགས་སྤོ་ཐུབ་ཀྱི་རེད་བསམས་ཏེ་དངོས་གནས་བློ་བདེ་པོ་འདུག”ཅེས་དགའ་ཚོར་ཆེན་པོས་བརྗོད།

    མང་ཚོགས་སྡོད་ཁང་བསྐྱར་སྐྲུན་གྱི་སྤུས་ཚད་ནི་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་ལྟེ་བའི་གནད་དོན་ཞིག་རེད། དིང་རི་རྫོང་གི་བསྐྱར་སྐྲུན་ཐད་སྒོ་དང་སྒེའུ་ཁུང་མཁོ་འདོན་བྱེད་མཁན་བཟོ་གྲྭའི་ནང་། མཚོ་སྒང་ཤང་དགའ་རེ་སྒོར་སྐྱེད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་རྡོ་རྗེས་བསྒར་མ་ཐག་པའི་སྒོ་དང་སྒེའུ་ཁུང་ལ་ཞིབ་ཕྲ་བལྟས་ནས་ལྷུ་ཚིགས་ཚང་མར་དོ་སྣང་ཆེན་པོ་བྱེད་ཀྱི་འདུག དིང་རི་རྫོང་གི་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང་། རིགས་ཁག་གི་ཆེད་བསྐོས་ལས་བྱེད་པ། དེ་བཞིན་མང་ཚོགས་ཀྱི་འཐུས་མི་བཅས་ལས་གྲུབ་པའི་མང་ཚོགས་ལྟ་སྐུལ་པའི་རུ་ཁག་གིས་ཐོན་སྐྱེད་ལས་རིམ་ཧྲིལ་པོར་ལྟ་སྐུལ་ནན་པོ་བྱེད་བཞིན་འདུག ལྟ་བཤེར་ཡང་ཡང་བྱས་པ་བརྒྱུད། ཚང་མས་སྒོ་དང་སྒེའུ་ཁུང་གི་སྤུས་ཚད་ལ་ཚད་མཐོའི་ཁས་ལེན་བྱས།

    གཏིང་སྐྱེས་རྫོང་ཀོ་ལྕག་ཤང་གནས་གྲོང་ཚོའི་དུད་ཚང་10ཡི་མང་ཚོགས་སྡོད་ཁང་གཅིག་གྱུར་འཆར་འགོད་འཛུགས་སྐྲུན་བྱེད་དགོས་ཀྱི་ཡོད། ཨར་ལས་བྱ་ཡུལ་དུ་ཨར་སྐྲུན་གད་སྙིགས་གཙང་མ་བཟོ་བཞིན་པའི་ཡུལ་མི་ལྷག་པ་སྒྲོལ་མས་དགའ་སྤྲོའི་ངང་སྐྲུན་ཚར་གྲབས་ཡོད་པའི་ཁང་པ་ཞིག་ལ་མཛུབ་མོ་བཙུགས་ནས། “ལྟོས་དང་། དེ་ནི་ང་ཚོའི་ཁང་པ་རེད། རྩིག་རྨང་འདིང་འགོ་ཚུགས་པ་ནས་བཟུང་ལས་རིམ་ཚང་མ་དངོས་སུ་མཐོང་བྱུང་། སྤུས་ཚད་ཡག་པོ་ཡོད་པས་སྡོད་དུས་བློ་ཧ་ཅང་བདེ་པོ་ཡོང་བ་འདུག”ཅེས་བརྗོད་པ་དང་། ཁོང་གི་སྐད་ཆ་ལས་འབྱུང་འགྱུར་གྱི་ཁྱིམ་ཚང་གསར་པར་རེ་སྨོན་བྱེད་ལུགས་མངོན་གྱི་འདུག

    གེགས་རྗེས་བསྐྱར་སྐྲུན་བྱེད་པར་མང་ཚོགས་ཁང་པ་གསར་པར་བདེ་བླག་ངང་སྤོ་ཐུབ་པ་བྱེད་དགོས་པ་མ་ཟད། བློ་བདེ་པོས་སྡོད་ཐུབ་པའི་འགན་ལེན་དེ་བས་ཀྱང་བྱེད་དགོས། ངམ་རིང་རྫོང་གད་ཁ་གྲོང་རྡལ་བར་སྦུག་གྲོང་ཚོ་སོགས་གྲོང་ཚོ་འགའ་ཞིག་ལ་ཚན་རིག་དང་མཐུན་པའི་དཔྱད་དཔོག་གཟབ་ནན་དང་སྐྲུན་ཡུལ་ཞིབ་ཚགས་བདམས་པ་བརྒྱུད། ཡུལ་གཞན་དུ་གནས་སྤོས་བྱེད་མཁན་ལ་བསྐྲུན་པའི་སྡོད་ཁང་གསར་པའི་འཛུགས་སྐྲུན་གྱི་ཇུས་གཞི་སྤྱད་པ་དང་། མཐར་སྐྲུན་ཡུལ་གསར་པ་ལྷ་རྩེ་རྫོང་ཁོངས་ཀྱི་གྲའུ་ཤང་སེང་གེ་ལུང་གྲོང་ཚོའི་ཉེ་འགྲམ་གྱི་རྒྱལ་ལམ་འགྲམ་དུ་བདམས། ངམ་རིང་རྫོང་གི་ལས་བྱེད་པ་མིག་ཚེ་དང་ལས་རོགས་གཞན་དག་5ཡིས་ལས་ཡུལ་དངོས་སུ་ཆུ་ཚོད་24བཅའ་སྡོད་ཀྱིས་ལྟ་སྐུལ་མཐུན་སྦྱོར་བྱས་ཡོད།

    གཅིག་གྱུར་འཆར་འགོད་འཛུགས་སྐྲུན་གྱི་གྲོང་ཚོ་ཧྲིལ་པོ་བསྐྱར་སྐྲུན་ལ་སྐུལ་འདེད་གཏོང་བ་དང་མི་འདྲ་བར། གཅིག་གྱུར་འཆར་འགོད་དང་ཁག་བགོས་འཛུགས་སྐྲུན་རྣམ་གྲངས་དེ་སྲིད་གཞུང་གིས་གཅིག་གྱུར་འཆར་འགོད་བྱས་རྗེས་ཁ་འགྲེམ་འཛུགས་སྐྲུན་བྱ་རྒྱུ་རེད། ལྷ་རྩེ་རྫོང་ལྷ་རྩེ་གྲོང་རྡལ་ལྷ་རྩེ་གྲོང་ཚོའི་གཅིག་གྱུར་འཆར་འགོད་དང་ཁག་བགོས་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་ཡུལ་དངོས་སུ་སྔོག་འཕྲུལ་གྱིས་རྨང་གཞིའི་སྔོག་འདྲུ་བྱེད་པ་དང་། ས་འདྲེན་འཕྲུལ་འཁོར་བྱེ་ས་དབོར་འདྲེན་ལས་ལ་བྲེལ་བཞིན་འདུག

    ད་ཐེངས་གེགས་རྗེས་བསྐྱར་སྐྲུན་བྱེད་རིང་། ཉམས་བཟོ་བརྟན་གཏོང་རྣམ་གྲངས་ལ་རིང་སྣུར་རང་བཞིན་ཆེ་བའི་ཨར་འདམ་ནར་སྐུད་བརྟན་གཏོང་ལག་རྩལ་གསར་པ་གསར་གཏོད་རང་བཞིན་གྱིས་སྤྱད་པས། སྡོད་ཁང་སྒྲིག་གཞིའི་སྤྱི་ཡོངས་རང་བཞིན་དང་། གྲུབ་ཆའི་ཐེག་ནུས། ཡོམ་འགོག་ནུས་པ་བཅས་མངོན་གསལ་དོད་པོས་ཆེ་རུ་གཏོང་ཐུབ་ལ། མཛེས་བཟོའི་རང་བཞིན་ཡང་ལྡན་ཡོད།

    ལག་རྩལ་གསར་པའི་ཐད་ཀྱི་མང་ཚོགས་ཀྱི་དོགས་པ་སེལ་ཆེད། རྫོང་ཁག་གིས་དུས་འགོར་ཆེད་མངགས་ཚོད་ལྟའི་ལས་དོན་སྤེལ་བ་དང་འབྲེལ། ཤང་དང་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ནས་ཚོད་ལྟ་བྱ་ཡུལ་དུ་ལྟ་སྦྱོང་ལ་བསྐྱོད་པ་དང་། ཆེད་ལས་ལག་རྩལ་པས་ཡུལ་དངོས་སུ་ཉམས་བཟོ་བརྟན་གཏོང་གི་ལས་རིམ་དང་ཚད་གཞི་འགྲེལ་བཤད་ཞིབ་ཚགས་བརྒྱབ་ཡོད། ཚོད་ལྟའི་སྡོད་ཁང་རྣམ་པ་གསར་རྐྱང་དུ་གྱུར་པ་དང་སྒྲོམ་གཞི་བརྟན་པོ་ཡོད་པ་མཐོང་སྐབས། ཚང་མས་སེམས་གཏིང་ནས་བསྔགས་བརྗོད་བྱེད་བཞིན་ཉམས་བཟོ་བརྟན་གཏོང་ལས་དོན་ལ་རང་འགུལ་ངང་གཞོགས་འདེགས་བྱས་ཡོད།

    ཨར་སྐྲུན་ཚན་པ་ཁག་གིས་སྤུས་ཚད་ལ་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ལས་དུས་འཕར་སྣོན་དང་ནུས་ཤུགས་ཡོད་རྒུས་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་དང་ལས་ཕྱོད་ཆེ་རུ་བཏང་སྟེ། མྱུར་ཚད་མགྱོགས་ཤོས་དང་སྤུས་ཚད་མཐོ་ཤོས་ཀྱི་སྒོ་ནས་གནོད་འཚེ་ཕོག་པའི་མང་ཚོགས་རྣམས་དྲོ་སྐྱིད་ལྡན་པའི་སྡོད་ཁང་གསར་པར་དུས་བཀག་བཞིན་སྤོ་ཐུབ་པའི་དམ་བཅའ་བཅངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།