སྔོ་ཚལ་འབེལ་ལྷུག་ལྷུག ཡོང་འབབ་ལྗིད་ཏིག་ཏིག
གྲང་བསིལ་སྔོ་ཚལ་ས་མཐོའི་གྲོང་གསེབ་ཀྱི་སྤུས་རྟགས་ཐོན་ལས་སུ་གྱུར་པ།
མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཙོང་ཁ་ཆུས་ཤིས་པའོ་གྲོང་རྡལ་ཏུང་ཧྭ་ཡོན་གྲོང་ཚོའི་མུའུ་བརྒྱ་ཟིན་པའི་ཐོག་མེད་སྔོ་ཚལ་རྟེན་གཞིར་ས་གནས་དེ་གའི་འདེབས་འཛུགས་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་ཀྲུང་ཀོང་ཡན་གྱིས་ལས་མི་ཚོ་དང་མཉམ་དུ་སྔོ་ཚལ་གྱི་སྐྱེ་འཚར་ལ་ལྟ་བཞིན་ཡོད། ཀྲུང་ཀོང་ཡན་གྱིས། “ད་ལོར་ཆུ་ལུད་གཞི་གཅིག་ཅན་གྱི་རྣམ་གྲངས་ལག་ལེན་བསྟར་བ་དེས་ཚོད་མ་ཚལ་ཐའེ་ཡི་སྐྱེ་འཚར་ཡག་པོ་བྱུང་སྟེ་ཚལ་ཁག་དང་པོ་བཏུས་ཟིན་ནས་ཁྲོམ་རར་བཏོན་ཡོད”ཅེས་བརྗོད།
གཞོན་དུས་ཕྱིར་བསྐྱོད་མྱོང་བའི་ཀྲུང་ཀོང་ཡན་ནི་ཟོག་འགྲུལ་ལས་མི་ཞིག་རེད། སྔོ་ཚལ་དབོར་རིང་ས་མཐོའི་གྲང་བསིལ་སྔོ་ཚལ་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཞིང་། གལ་ཏེ་ཁྲོམ་རར་བཏོན་ཚེ་དགའ་བསུ་ཆེན་པོ་ཐོབ་རྒྱུ་ཡིན་པ་ཤེས་རྗེས། ཁོང་གིས་སྔོ་ཚལ་སྐྱེ་འཚར་ལ་འཚམ་པའི་ཤིས་པའོ་གྲོང་རྡལ་ནས་མུའུ་འགའ་འགན་གཙང་བླངས་ཏེ་སྔོ་ཚལ་ཚོད་འདེབས་བྱས་པ་ལམ་ལྷོངས་བྱུང་བས། ཕ་ཡུལ་དུ་ལོག་རྗེས་ཆེད་དུ་སྔོ་ཚལ་འདེབས་འཛུགས་ལས་ལ་གཞོལ་ཡོད།
ཀྲུང་ཀོང་ཡན་གྱིས། “མིག་སྔར་སྔོ་ཚལ་འདེབས་ཁྱོན་མུའུ་100ཙམ་ཟིན་པའི་ཁྲོད་ཚོད་མ་ཚལ་ཐའེ་ཡིས་བཅུ་ཆ་བརྒྱད་ཙམ་བཟུང་ཡོད། ད་ཆ་ང་ཚོས་ཀོང་ཀྲོའུ་དང་། ཧྲེན་ཀྲེན། ཝུའུ་ཧན་སོགས་ས་གནས་དང་མཉམ་དུ་མངགས་ཐོ་རྣམ་པའི་སྔོ་ཚལ་འདེབས་འཚོང་བྱས་པར་ཡོང་འབབ་བརྟན་པོ་བྱུང་ལ། ཞིང་བྲེལ་སྐབས་སུ་ས་གནས་དེ་གའི་མང་ཚོགས་བརྒྱ་ཙམ‘རང་ཁྱིམ་གྱི་སྒོ་རྩར’ལས་ཞུགས་ཀྱང་ཐུབ་ཡོད”ཅེས་བརྗོད།
ཟི་ལིང་གྲོང་ཁྱེར་ཙོང་ཁ་ཆུས་སྔོ་ཚལ་ལག་རྩལ་ཞབས་ཞུ་ལྟེ་གནས་ཀྱི་ལག་རྩལ་པ་ལི་ཡུས་ཁྲེང་གིས། “ཟི་ལིང་གྲང་བསིལ་སྔོ་ཚལ་ཐོན་ལས་ཀྱིས་སྔ་དགོང་གི་དྲོད་ཚད་ཁྱད་པར་ཆེ་བ་དང་། ཉི་འོད་ཕོག་ཤུགས་ཆེ་བ། ནད་འབུའི་གནོད་པ་ཆུང་བ་སོགས་དམིགས་བསལ་ཁྱད་ཆོས་ལྡན་པའི་ས་མཐོའི་གནམ་གཤིས་ཀྱི་ལེགས་ཆར་བརྟེན་ནས་བཏབ་པའི་སྔོ་ཚལ་གྱི་སྤུས་ཀ་དག་པས་ནམ་དུས་མི་འདྲ་བའི་ཁྲོམ་རའི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད”ཅེས་ངོ་སྤྲོད་བྱས་ཤིང་། ཁོང་གིས། ཙོང་ཁ་ཆུས་འདི་ཉིད་ཟི་ལིང་གྲོང་ཁུལ་དང་ཐག་ཉེ་བའི་ཁར་གནམ་གཤིས་དྲོ་གྲང་འཚམ་པས། གྲང་བསིལ་སྔོ་ཚལ་འདེབས་རྒྱུ་དེ་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་ཤིག་ཏུ་གྱུར་ལ། གྲོང་གསེབ་དར་རྒྱས་གཏོང་བའི་སྒུལ་ཤུཌ་གསར་པ་ཞིག་ཏུའང་གྱུར་ཡོད་ཅེས་བརྗོད།
2024ལོར། ཟི་ལིང་གྲོང་ཁྱེར་ལ“རྒྱལ་ཁབ་ཀྱི་གྲང་བསིལ་སྔོ་ཚལ་གྱི་རྫོགས་ལྡན་འདེབས་འཛུགས་ཁུལ”གྱི་མཚན་སྙན་ཐོབ་ཡོད། སྤུས་རྟགས་ཀྱི་ནང་དོན་སྔར་བས་འཐུས་སྒོ་ཚང་དུ་གཏོང་ཆེད། ཟི་ལིང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་ཞིང་ལས་ཀྱི་ལག་རྩལ་གསར་སྒྱུར་ལ་སྐུལ་འདེད་དང་། དེང་རབས་ཀྱི་སྐྱེ་དངོས་ལག་རྩལ་དང་འདེབས་འཛུགས་ལག་རྩལ་ལ་བརྟེན་ནས་གྲང་བསིལ་ཁུལ་དེར་མ་གཏོགས་མེད་པའི་ལོ་ཏོག་གི་སྣ་ཁ་མང་དུ་དང་སྤུས་ཚད་ལ་འགན་ལེན་བྱས་པར། ཐོན་འབབ་མང་དུ་དང་གྲང་ཐུབ་ཐན་འགོག་གི་ནུས་པ་ཆེ་རུ་དང་ཐོན་སྐྱེད་ཀྱི་གཞི་ཁྱོན་ཆེ་རུ་ཕྱིན་ཡོད།
ཟི་ལིང་གྲོང་ཁྱེར་ཙོང་ཁ་ཆུས་ལན་ལུང་ཁོའུ་གྲོང་རྡལ་པན་ཀྲུང་ཡིང་གྲོང་ཚོར་མཚོ་སྔོན་ཁྲང་ཆིང་སྔོ་ཚལ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་ཧན་ཤིས་མེ་ཡིས། “དེ་སྔོན་ཉམས་མྱོང་ལ་གཞིགས་ནས་ཞིང་ཆུ་གཏོང་བ་དང་ལུད་རྒྱག་བཞིན་ཡོད་ཀྱང་། ད་ཆ་སྦུ་གུ་བརྒྱུད་ཐད་ཀར་སྔོ་ཚལ་ལ་ཞིང་ཆུ་དང་ལུད་འདྲེན་ཆོག་པས། ངལ་རྩོལ་ནུས་ཤུགས་གྲོན་ཆུང་ཐུབ་པ་མ་ཟད་ལས་ཕྱོད་ཀྱང་ཆེ་རུ་ཕྱིན་ཡོད”ཅེས་བརྗོད་པ་དང་། ཁོང་གིས། ལོ་འདི་དག་རིང་། སྲིད་གཞུང་གིས་ཞིང་ལས་ལ་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ལག་རྩལ་གསོ་སྦྱོང་བྱས་པ་མ་ཟད། སྒྲིག་བཀོད་ཞིང་ལས་ཀྱི་འབྲེལ་ཡོད་སྲིད་ཇུས་ལག་ལེན་བསྟར་ཤུགས་ཆེ་རུ་བཏང་བས། “ས་མཐོའི་གྲང་བསིལ་སྔོ་ཚལ་གྱི་སྤུས་རྟགས་སྐད་གྲགས་ཆོད་པ་དང་བསྟུན་ནས་ང་ཚོའི་སེམས་ཤུགས་ཀྱང་སྔར་བས་ཆེ་རུ་ཕྱིན་སོང”ཞེས་བརྗོད།
ཤེས་རྟོགས་བྱུང་བར་གཞིགས་ན། གྲང་བསིལ་སྔོ་ཚལ་ཐོན་ལས་ཀྱི་ཕན་འབྲས་ཟམ་མི་ཆད་པར་མངོན་གསལ་དོད་དུ་སོང་བ་དང་སྦྲགས། མཚོ་སྔོན་གྱི་སྔོ་ཚལ་ཡང་ས་ཞིང་གཅིག་རང་ལ་སྣ་ཁ་གཅིག་རྐྱང་འདེབས་པ་ནས་སྣ་ཁ་མང་པོ་དུས་བཞིར་རེས་མོས་ངང་འདེབས་པའི་བར་འགྱུར་ལྡོག་བྱུང་ཞིང་། མིག་སྔར། ཞིང་ཆེན་ཡོངས་ཀྱི་ཐོག་མེད་ཞིང་ཁའི་སྔོ་ཚལ་རིགས་ཆེན་པོ་དགུ་དང་སྣ་ཁ་220ཟིན་པའི་ཁྲོད་ཞིང་ཞོར་ཐོན་རྫས་75གྲགས་ཅན་ཚོང་རྟགས་སུ་གྱུར་ཡོད།
མཚོ་སྔོན་གྱི་སྔོ་ཚལ་གྲང་བསིལ་ཐོན་ལས་འཕེལ་རྒྱས་བྱུང་ནས་ས་གནས་ཀྱི“གྲང་བསིལ་རྒྱུ་ཆའི་ཐོན་ཁུངས”ཀྱི་ལེགས་ཆ་དེ“འཕེལ་རྒྱས་མྱུར་བའི་ཐོན་ལས”འགྲན་རྩོད་ཀྱི་སྟོབས་ཤུགས་ཤིག་ཏུ་རིམ་བཞིན་གྱུར་ཞིང་། 2024ལོར་མཚོ་སྔོན་ཞིང་ཆེན་དུ་སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི་66ཙམ་དང་། ཐོན་འབབ་ཏུན་ཁྲི་160ལྷག་ཙམ། ལོར་དུས་ཚིགས་ལྡོག་པའི་སྔོ་ཚལ་གཏོང་ཚད་ཏུན་ཁྲི་70ཡན་བཅས་ཟིན་པ་མ་ཟད། འགག་སྒོ་ལས་ཁུངས་སུ་ཐོ་འགོད་བྱས་པའི་ཕྱིར་གཏོང་སྔོ་ཚལ་རྟེན་གཞིའི་མུའུ་ཁྲི་5.7གྱི་སར་བཏབ་པའི་གྲང་བསིལ་སྔོ་ཚལ་ཕྱིར་གཏོང་བྱེད་ཚད་ཏུན་2000ལྷག་ཙམ་ཟིན་གྱི་ཡོད།