དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨ་རིའི་ཕྱོགས་རྐྱང་པའི་སྒོ་ཁྲལ་དབང་གིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་ངེས་མེད་རང་བཞིན་དེ་བས་ཆེན་པོ་འཕྲད་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཐེན་ཏའེ་ཤིའུ་མིན་གྱིས།   |     སྤེལ་དུས།  2025-06-05

    ཨ་རིས་སྒོ་ཁྲལ་བསྡུ་ས་དང་ཚད་གཞིར་གང་འདོད་དུ་འགྱུར་ལྡོག་གཏོང་སྲིད་པས་དེའི་སྒོ་ཁྲལ་སྲིད་ཇུས་ལ་སྔོན་དཔག་བྱེད་ཐབས་བྲལ། དེར་བརྟེན། ཕྱི་རྒྱལ་གྱི་ཁེ་ལས་ཡིན་ནའང་འདྲ། ཡང་ན་ཨ་རི་རང་ཡུལ་གྱི་ཁེ་ལས་ཡིན་ནའང་འདྲ། ཚང་མས་གཉེར་སྐྱོང་བྱེད་སྒོ་བཀོད་སྒྲིག་ལུགས་མཐུན་བྱེད་དཀའ་བས། གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་ངེས་མེད་རང་བཞིན་དེ་བས་ཆེན་པོ་འཕྲད་རྒྱུ་རེད།

    ཨ་རིས་སྒོ་ཁྲལ་གང་བྱུང་དུ་ལག་བསྟར་བྱེད་པ་དེས་ཕྱོགས་ཁག་གི་དཔལ་འབྱོར་ལ་གནོད་སྐྱོན་ཐེབས་སྲིད་པ་དང་། མཐར་མཇུག་འབྲས་ངན་པ་ཨ་རི་རང་གིས་མྱོང་རྒྱུ་ཡིན་པ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

    དུས་རབས་ཉི་ཤུ་པའི་ལོ་རབས་སུམ་ཅུ་པར། ཚོང་དོན་སྲུང་སྐྱོབ་རིང་ལུགས་དར་ཁྱབ་ཆེ་སྒང་ཡིན་པས། རྒྱལ་སྤྱིའི་ཚོང་དོན་ལ་ཕན་ཚུན་ཚོད་འཛིན་བྱས་པ་ནི་སྐབས་དེའི་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། 1948ལོར། སྒོ་ཁྲལ་དང་ཚོང་དོན་སྐོར་གྱི་སྤྱིའི་གྲོས་མཐུན་ལ་སྐབས་འཕྲལ་ནུས་པ་ཐོན་ནས་དཔལ་འབྱོར་ལམ་ལུགས་མི་འདྲ་བ་དང་། འཕེལ་རྒྱས་ཀྱི་དུས་རིམ་མི་འདྲ་བ། འདུ་ཤེས་འཛིན་སྟངས་མི་འདྲ་བ་བཅས་ཀྱི་རྒྱལ་ཁབ་ཁག་སྒོ་ཁྲལ་དང་ཚོང་དོན་གནད་དོན་སྐོར་གྱི་གྲོས་མོལ་ནང་རིམ་བཞིན་བཅུག་སྟེ། དམག་འཁྲུག་རྗེས་ཀྱི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་གྱི་གཞི་རྩའི་རྩ་དོན་དང་སྒྲོམ་གཞི་བཙུགས་པ་རེད། དེ་རྗེས་ཀྱི་ལོ་40ལྷག་རིང་། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ཆ་སྙོམས་སྒོ་ཁྲལ་36%ནས་4.7%བར་ཉུང་དུ་བཏང་བ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ས་ཁུལ་གྱི་ཆ་སྙོམས་སྒོ་ཁྲལ་ཡང་དུས་མཚུངས་སུ་13%བར་ཉུང་དུ་བཏང་བས། འཛམ་གླིང་གི་ཚོང་དོན་བསྡོམས་འབོར་ལྡབ་10ཡན་འཕར་བ་རེད། 1995ལོར། སྒོ་ཁྲལ་དང་ཚོང་དོན་སྐོར་གྱི་སྤྱིའི་གྲོས་མཐུན་གྱི་རྨང་གཞིའི་ཐོག་འཛམ་གླིང་ཚོང་དོན་རྩ་འཛུགས་བཙུགས་པ་རེད།

    ཕྱོགས་མང་ཚོང་དོན་སྒྲིག་སྲོལ་གྱི་ཕན་པ་ཐོབ་མང་ཤོས་ནི་ཨ་རི་ཡིན་པ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་ངོས་འཛིན་བྱེད་ཀྱི་ཡོད། སྒྲིག་སྲོལ་དེའི་འོག ཨ་སྒོར་ནི་རྒྱལ་སྤྱིའི་ཚོང་དོན་ཁྲོད་ཀྱི་དུས་རྩིས་དངུལ་ལོར་གཙོ་བོ་ཡིན། ཚོང་དོན་དྲང་ཁྱད་ཤོར་བའི་རྒྱལ་ཁབ་མང་པོ་ཞིག་གིས་ཚོང་དོན་བརྒྱུད་ནས་ཐོབ་པའི་ཨ་སྒོར་སྤྱད་དེ་ཨ་རིའི་རྒྱལ་བུན་ཉོས་ཡོད། ཨ་སྒོར་དང་ཨ་རིའི་རྒྱལ་བུན་འགྲེམས་སྤེལ་བྱས་པ་བརྒྱུད། ཨ་རིས་འཛམ་གླིང་གི་ས་གནས་ཁག་ནས་ཚོང་ཟོག་དང་ཞབས་ཞུ་ཉོ་བའི“ཨ་སྒོར་གྱི་དམིགས་བསལ་དབང་ཆ”ལོངས་སུ་སྤྱོད་ཆོག་པས། གོ་ལ་ཧྲིལ་པོའི་ས་གནས་ཁག་གི་སྤུས་ལེགས་གོང་ཁེའི་ཚོང་ཟོག་འབོར་ཆེན་རག་ཡོད། ཨ་རིས་སྒོ་ཁྲལ་གང་བྱུང་དུ་སྣོན་བསྡུ་བྱས་ཚེ་ཨ་རིའི་ཁྲོམ་རའི་འཛད་སྤྱོད་རིན་གོང་མཐོ་རུ་འགྲོ་རྒྱུ་རེད། ཨ་རིའི་བཟོ་སྐྲུན་ལས་རིགས་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་ནང་མཉམ་འདྲེས་བྱུང་ཚད་ཅུང་མཐོ་བས། གལ་སྲིད་སྒོ་ཁྲལ་སྣོན་བསྡུ་བྱས་ཚེ་ཨ་རིའི་ཐོན་སྐྱེད་མ་གནས་མཐོ་རུ་ཕྱིན་ནས་དངུལ་ལོར་འགྲེམ་ཐལ་ཤོར་ཤུགས་ཆེ་རུ་འགྲོ་རྒྱུ་རེད། བརྟག་ཞིབ་བྱས་འབྲས་ལས་མངོན་པར་གཞིགས་ན། ཨ་རིའི་འཛད་སྤྱོད་པས་འབྱུང་འགྱུར་ལོ་5ནས་10བར་གྱི་ལོའི་དངུལ་ལོར་འགྲེམས་ཐལ་ཤོར་ཚད་4.1%ཟིན་ནས་1993ལོ་ཚུན་གྱི་མཐོ་ཤོས་ཟིན་པའི་སྔོན་དཔག་བྱས་ཡོད།

    ཨ་རིའི་ཁྱིམ་མཚེས་རྒྱལ་ཁབ་ཁ་ན་ཏ་དང་མོ་ཞི་ཁོ། དེ་བཞིན་ཨ་རི་དང་རང་མོས་ཚོང་དོན་གྲོས་མཐུན་བཞག་པའི་ཧན་གོ ནུབ་རྒྱ་མཚོ་ཆེན་མོ་བྱང་མའི་སྤྱི་ཆིངས་རྩ་འཛུགས་སུ་ཞུགས་པའི་ཡོ་རོབ་ཀྱི་རྒྱལ་ཁབ། ཨ་རིའི་མནའ་མཐུན་རྒྱལ་ཁབ་རི་པིན་སོགས་རྒྱལ་ཁབ་གང་ཡིན་ནའང་འདྲ། ཚང་མར་ཨ་རིའི་སྒོ་ཁྲལ་གྱི་འཇིགས་སྐུལ་ཐེབས་རྒྱུ་རེད། གཞན་ཡང་། ཨ་རིས་སྒོ་ཁྲལ་བསྡུ་ས་དང་ཚད་གཞིར་གང་འདོད་དུ་འགྱུར་ལྡོག་གཏོང་སྲིད་པས་དེའི་སྒོ་ཁྲལ་སྲིད་ཇུས་སྔོན་དཔག་བྱེད་ཐབས་བྲལ། དེར་བརྟེན། ཕྱི་རྒྱལ་གྱི་ཁེ་ལས་ཡིན་ནའང་འདྲ། ཡང་ན་ཨ་རི་རང་ཡུལ་གྱི་ཁེ་ལས་ཡིན་ནའང་འདྲ། ཚང་མས་གཉེར་སྐྱོང་བྱེད་སྒོ་བཀོད་སྒྲིག་ལུགས་མཐུན་བྱེད་དཀའ་བས། གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་ངེས་མེད་རང་བཞིན་དེ་བས་ཆེན་པོ་འཕྲད་རྒྱུ་རེད།

    (རྩོམ་པ་པོ་ནི་རི་པིན་ཚད་མེད་གན་རྒྱ་ཚོགས་པའི་དབུ་བཞུགས་དཔལ་འབྱོར་མཁས་ཅན་ཡིན)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།