ཀྲུང་གོའི་དཔེ་དེབ་རྩེ་གྲ་ཁྭ་ལ་ལམ་ཕུའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་ཚོགས་ཐོག་འགྲེམས་སྟོན་བྱས་པ།
འདི་ནི་གསར་འགོད་པ་ཚོས་མཉམ་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རང་བྱུང་སོལ་རླངས་མདོང་ལམ་དཔེ་དབྱིབས་བྱེ་གཞོང་ལ་ལྟ་བཞིན་པ།
འདི་ནི་འགྲེམས་ཚོགས་ལ་ཞུགས་མཁན་ཀྲུང་གོའི་དཔེ་དེབ་ཚོང་པས(གཡས)མ་ལེ་ཞི་ཡའི་ཀློག་པ་པོར་དཔེ་དེབ་ངོ་སྤྲོད་བྱེད་བཞིན་པ།
ཟླ་5ཚེས་23ནས་ཟླ་6ཚེས་1ཉིན་བར། ཁྭ་ལ་ལམ་ཕུའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་ཚོགས་སྐབས་ཞེ་གཉིས་པ་མ་ལེ་ཞི་ཡའི་རྒྱལ་ས་ཁྭ་ལ་ལམ་ཕུར་དུ་གཉེར་བ་དང་གོ་ལ་ཧྲིལ་པོའི་འགྲེམས་ཞུགས་ཚོང་དུད་250ལྷག་ཙམ་འགྲེམས་ཚོགས་ལ་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། ད་ལོའི་དཔེ་དེབ་འགྲེམས་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི“དཔེ་དེབ། ལྟ་ཀློག་དང་སྣེ་ཁྲིད”ཅེས་པ་དེ་ཡིན། ཚོང་དོན་དཔེ་སྐྲུན་ཁང་དང་། ཀྲུང་ཧྭ་དཔེ་དེབ་ཅུས། མི་དམངས་འགྲིམ་འགྲུལ་དཔེ་སྐྲུན་ཁང་སོགས་དཔེ་སྐྲུན་ཚན་པ་17ལས་གྲུབ་པའི་ཀྲུང་གོའི་དཔེ་སྐྲུན་འཐུས་མི་ཚོགས་པས་དཔེ་དེབ་རྩེ་གྲ་སྣ་ཁ་1000ལྷག་ཙམ་འགྲེམས་སྟོན་བྱས་པ་མ་ཟད། ཕུན་སུམ་ཚོགས་པའི་སྤེལ་རེས་བྱེད་སྒོ་སྤེལ་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དབར་གྱི་རིག་གནས་སྤེལ་རེས་དང་དཔེ་སྐྲུན་མཉམ་ལས་ལ་སྐུལ་འདེད་བཏང་བ་རེད།
འགྲེམས་ཚོགས་སུ་མི་ཚོགས་ཀྱིས་ཁེངས་ཤིང་། ཀྲུང་གོའི་འགྲེམས་སྟེགས་ཀྱི་བརྗོད་དོན་གཙོ་བོའི་དཔེ་དེབ་རྩེ་གྲ་འགྲེམས་ཁུལ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་དང་འབྲེལ་ཡོད་སློབ་སྦྱོང་ཀློག་དེབ་ཀྱི་རྒྱ་ཡིག་དང་ཕྱི་རྒྱལ་ཡི་གེའི་པར་མ་གཙོ་གནད་དུ་ངོ་སྤྲོད་བྱས་པ་དང་། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པ་དང་། 《དབུལ་ཕོངས་ལས་ཐར་བ》 《ཞི་ཅིན་ཕིང་གི་དབུལ་སྐྱོར་གཏམ་རྒྱུད》 《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས》སོགས་ཀྱི་གསུང་རྩོམ་ལ་ཀློག་པ་པོ་མང་པོ་ཞིག་གི་ཡིད་དབང་འཕྲོག་ནས་ལྟ་ཀློག་བྱས་ཡོད། ཁེ་ལས་དོ་དམ་གྱི་ལས་དོན་སྒྲུབ་མཁན་མ་ལེ་ཞི་ཡ་བ་ཨ་སྨིར་གྱིས་གསར་འགོད་པར་ངའི་ཁྱིམ་དུ《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་དང་པོ་ནས་བཞི་པའི་དབྱིན་ཡིག་པར་མ་ཡོད། ད་ཐེངས་ཡང《དབུལ་ཕོངས་ལས་ཐར་བ》ཞེས་པ་སོགས་དབྱིན་ཡིག་པར་མའི་གསུང་རྩོམ་ཉོས་པ་ཡིན་ཞེས་བཤད། “གསུང་རྩོམ་དེ་དག་གི་ནང་དོན་ཕུན་སུམ་ཚོགས་པ་དང་དགོངས་པ་གཏིང་ཟབ་པས། མི་མང་པོ་ཞིག་གིས་དེང་སྐབས་ཀྱི་ཀྲུང་གོར་རྒྱུས་ལོན་བྱེད་པར་ཕན་ཐོགས་ཡོད། དེ་ནི་མི་རྣམས་ཀྱིས་ཀྲུང་གོའི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་སོགས་ཁྱབ་ཁོངས་ཁག་གི་འཕེལ་རྒྱས་ཤེས་རྟོགས་གཏིང་ཟབ་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཡིན། གསུང་རྩོམ་ནང་རྒྱས་བཤད་གནང་བའི་འདུ་ཤེས་ལ་མ་ལེ་ཞི་ཡའི་འཕེལ་རྒྱས་ཐད་དཔྱད་གཞིར་འཛིན་པའི་དོན་སྙིང་ཆེན་པོ་ལྡན་ཡོད”ཅེས་ཨ་སྨིར་གྱིས་བརྗོད།
ཀྲུང་གོའི་དཔེ་སྐྲུན་འཐུས་མི་ཚོགས་པས་འགྲེམས་སྟོན་བྱས་པའི་དཔེ་དེབ་གཞན་ལའང་ཀློག་པ་པོ་རྣམས་ཀྱི་དགའ་བསུ་ཐོབ་ཡོད།
ཚོང་དོན་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཡུས་ཀུའེ་ལིན་གྱིས་གསར་འགོད་པར། ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ཏུ་རྒྱ་ཡིག་ལ་དགའ་པོ་བྱེད་མཁན་ཅུང་མང་བར་བསམ་གཞིག་བྱས་ནས་ཚོང་དོན་དཔེ་སྐྲུན་ཁང་གིས《ཤིན་ཧྭ་ཚིག་མཛོད》སོགས་ཚིག་མཛོད་དང་དེ་བཞིན་རྒྱ་ཡིག་སློབ་སྦྱོང་རིགས་ཀྱི་དཔེ་དེབ་ལེགས་འདེམས་བྱས་པས་ཁྲོམ་རར་ཚུར་སྣང་ལན་ཆ་བཟང་པོ་འདུག གཞན་ཡང《ཁང་ཤིས་ཡི་བཀའ་ཡིག་དམར་པོ》དང《ལྕགས་རི་རིང་པོའི་ལོ་རྒྱུས་མདོར་བསྡུས》སོགས་བྲིན་ཁ་རྒྱུག་པའི་དཔེ་དེབ་ལའང་ཧ་ཅང་དགའ་པོ་བྱེད་ཀྱི་འདུག་ཅེས་བརྗོད།
ཨེ་ཤེ་ཡ་ཤར་ལྷོའི་ཀྲུང་གོའི་དཔེ་དེབ་སྐོར་སྐྱོད་འགྲེམས་ཚོགས་སྐབས་དགུ་པ་དེ་ཨེ་ཤེ་ཡའི་པར་དབང་སྤེལ་རེས་ཚོགས་འདུའི་དམིགས་བསལ་བྱེད་སྒོ་ཞིག་ཡིན་པའི་ངོས་ནས་དཔེ་དེབ་འགྲེམས་ཚོགས་ལ་ཞུགས་ཏེ་སློབ་གསོ་ཚན་རིག་དཔེ་སྐྲུན་ཁང་དང་། ཧྭ་ཏུང་དགེ་འོས་སློབ་ཆེན་དཔེ་སྐྲུན་ཁང་། ཀྲུང་དབྱང་མི་རིགས་སློབ་ཆེན་དཔེ་སྐྲུན་ཁང་། ཀྲེང་ཀྲོའུ་སློབ་ཆེན་དཔེ་སྐྲུན་ཁང་སོགས་ཀྱིས་དཔེ་སྐྲུན་བྱས་པའི་བརྗོད་དོན་གཙོ་བོའི་དཔེ་དེབ་དང་། སློབ་དེབ། བྱིས་པའི་རི་མོའི་ཀློག་དེབ་སོགས་སྣ་ཁ་500ལྷག་ཙམ་འགྲེམས་སྟོན་བྱས་ཡོད། སིང་ཀ་ཕོར་ནས་ཡོང་བའི་དཔེ་སྐྲུན་ཚོང་པ་ཐེ་ཝར་གྱིས་གསར་འགོད་པར། ང་ཚོའི་དཔེ་སྐྲུན་ཁང་གིས་ཀྲུང་གོའི་བྱིས་པའི་ཀློག་དེབ་རྩེ་གྲ་དཔེ་སྐྲུན་བྱ་རྩིས་ཡོད།“ཀྲུང་གོའི་དམངས་ཁྲོད་གཏམ་རྒྱུད་དང་ཚན་རིག་ཀློག་དེབ་ཁག་གཅིག་སིང་ཀ་ཕོར་གྱི་དཔེ་དེབ་ཁྲོམ་རར་བྲིན་ཁ་རྒྱུག་པོ་བྱུང་ཡོད། དེ་གོང《ནུབ་ཕྱོགས་སུ་བསྐྱོད་པའི་རྣམ་ཐར》སོགས་ཀྱི་དཔེ་དེབ་ནང་འདྲེན་བྱས་ནས་བཟོ་བཅོས་བརྒྱབ་རྗེས་སིང་ཀ་ཕོར་དུ་དགའ་བསུ་ཆེན་པོ་ཐོབ་ཡོད། ང་ཚོས་ཀྱང་སིང་ཀ་ཕོར་གྱི་གཏམ་རྒྱུད་ཁག་གཅིག་རྒྱ་ཡིག་ཏུ་བསྒྱུར་ནས་ཀྲུང་གོའི་ཁྲོམ་རར་འདོན་རྒྱུ་ཡིན། འབྱུང་འགྱུར་རྒྱལ་ཁབ་གཉིས་པོའི་དཔེ་དེབ་དཔེ་སྐྲུན་ལས་རིགས་ཀྱིས་དེ་བས་སྤེལ་རེས་རྒྱ་ཁྱབ་དང་གཏིང་ཟབ་བྱ་རྒྱུའི་རེ་བ་ཡོད”ཅེས་བརྗོད།
ཨེ་ཤེ་ཡ་ཤར་ལྷོའི་ཀྲུང་གོའི་དཔེ་དེབ་སྐོར་སྐྱོད་འགྲེམས་ཚོགས་གཉེར་མཁན་ཞ་མོན་ཕྱི་ཕྱོགས་དཔེ་དེབ་ཚོགས་པ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཝུའུ་ཡུས་ཤིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྲུང་གོ་ཕྱོགས་ཀྱི་འགྲེམས་ཞུགས་སྒྲིག་གཞི་སྒྲིག་འཛུགས་བྱས་ནས་འགྲེམས་ཚོགས་ལ་ཞུགས་མཁན་ཕྱི་རྒྱལ་གྱི་དཔེ་སྐྲུན་ཚོང་པ་50ལྷག་ཙམ་དང་རེས་སྐོར་མང་པོའི“གཅིག་གཏད་གཅིག”གི་འབྲེལ་མཐུད་གྲོས་མོལ་བྱས་པས། ཨེ་ཤེ་ཡ་ཤར་ལྷོའི་ལས་རིགས་ཀྱིས་ཀྲུང་གོའི་བྱིས་པའི་རི་མོའི་ཀློག་དེབ་དང་རྒྱ་ཡིག་སློབ་དེབ་སོགས་པར་དབང་དཔེ་དེབ་ལ་གདེང་འཇོག་ཡག་པོ་བྱས་ཡོད། ད་ཐེངས་འགྲེམས་ཚོགས་ནང་ད་དུང་ཀྲུང་གོའི་དཔེ་སྐྲུན་ཁེ་ལས་ཞུགས་ཡོད་པས། མཉམ་ལས་གྲོས་མོལ་ཡག་པོ་བྱས་ཏེ་ས་གནས་ས་ཐོག་ཏུ་པར་འདེབས་ཁེ་ལས་བཙལ་ནས་རིན་གོང་འདྲི་ཆོག་པས་མཉམ་ལས་ཀྱི་ལས་ཕྱོད་སྔར་བས་མཐོ་རུ་ཕྱིན་ཡོད།