ཨར་སྐྲུན་མེ་འབྲེལ་ལས་སྒྲུབ་དང་ཨར་སྐྲུན་དྲོད་སྲུང་རྒྱུ་ཆ་ཚེ་སྲོག་འཕྲོག་པའི་ཉེན་ཁར་གྱུར་པ།
གཅིག ཨར་སྐྲུན་དྲོད་སྲུང་རྒྱུ་ཆའི་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་ཆུང་ངུ་།
1. འཛུགས་སྐྲུན་ཚན་པ་དང་ཨར་སྐྲུན་ཚན་པས་མེ་ཟོན་བདེ་འཇགས་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས་བདེ་འཇགས་དོ་དམ་མི་སྣ་ཁ་གསལ་བཟོ་དགོས་པ་དང་། བེད་སྤྱོད་བྱས་ཟིན་པའི་ཨར་སྐྲུན་མེ་ཟོན་སྒྲིག་བཀོད་ལ་སྲུང་སྐྱོང་དང་བདག་སྐྱོང་གནད་འཁེལ་བྱེད་དགོས།
2. འབར་སླ་བའི་རྒྱུ་ཆ་ཐོག་བརྩེགས་ཅན་གྱི་དམངས་སྤྱོད་ཨར་སྐྲུན་གྱི་གྱང་ངོས་ཀྱི་དྲོད་སྲུང་རྒྱུ་ཆ་བྱེད་མི་རུང་།
3. ཨར་སྐྲུན་གྱང་ངོས་ཕྱི་རོལ་དུ་དྲོད་སྲུང་མ་ལག་བསྒར་བའི་ཐོག་བརྩེགས་ཅན་གྱི་དམངས་སྤྱོད་ཨར་སྐྲུན་ཡིན་ཕྱིན་དེའི་དོ་དམ་ཚན་པས་འཛུལ་ས་གཙོ་བོ་དང་དེ་བཞིན་མཐའ་འཁོར་གྱི་འབྲེལ་ཡོད་མངོན་གསལ་དོད་སར་དྲན་སྐུལ་དང་ཉེན་གཏོང་རང་བཞིན་གྱི་མཚོན་རྟགས་བསྒར་དགོས།
4. ཐོག་བརྩེགས་ཅན་གྱི་དམངས་སྤྱོད་ཨར་སྐྲུན་གྱི་གྱང་ངོས་ཕྱི་རོལ་གྱི་དྲོད་སྲུང་མ་ལག་ལ་གཏོར་སྐྱོན་ཤོར་བ་དང་། གས་པ། ཟག་པ་བཅས་ལ་དུས་ཐོག་ཏུ་ཉམས་གསོ་བྱེད་དགོས། ཐོག་བརྩེགས་ཅན་གྱི་དམངས་སྤྱོད་ཨར་སྐྲུན་གྱི་གྱང་ངོས་ཕྱི་རོལ་གྱི་དྲོད་སྲུང་མ་ལག་བཟོ་སྐབས་འཛུགས་སྐྲུན་ཚན་པས་དགོས་ངེས་ཀྱི་མེ་ཟོན་བཅད་ཁ་དང་དེ་བཞིན་སྡོད་མི་ཆོག་པ་དང་བེད་སྤྱོད་མི་ཆོག་པའི་བྱེད་ཐབས་སྤྱད་དེ་ཨར་སྐྲུན་མི་སྣའི་བདེ་འཇགས་ལ་འགན་ལེན་བྱེད་དགོས།
5. འབར་སླ་བའི་རྒྱུ་ཆའི་དྲོད་སྲུང་གྱང་ངོས་སུ་བརྡ་ཁྱབ་བྱང་བུ་དང་གློག་སྒམ་སོགས་ཚ་དྲོད་ཆེ་བའི་སྒྲིག་ཆས་བསྒར་མི་རུང་བ་དང་། ཨར་སྐྲུན་གྱི་མཐའ་འཁོར་དུ་འབར་སླ་བའི་དངོས་ཟོག་སྤུངས་མི་རུང་། སྐྲུན་དངོས་དང་ཐག་ཉེ་སར་གློག་འཁོར་གྱི་གློག་སྡོང་འཛུགས་མི་ཆོག
6. འབར་སླ་བའི་དྲོད་སྲུང་རྒྱུ་ཆར་བསྐྱར་སྐྲུན་དང་རྒྱས་སྐྲུན་ལས་གྲྭ་དང་སྡོད་གནས་ཁུལ་ཆུང་རྙིང་པའི་བཅོས་སྒྲིག་དང་ཟུང་འབྲེལ་བྱས་ནས་ཕྱོགས་བསྡུས་སྒྱུར་བཀོད་བྱེད་དགོས། འབར་སླ་བའི་ཕྱི་རོལ་གྱི་དྲོད་སྲུང་རྒྱུ་ཆ་བཤིག་ཚེ་ད་ཡོད་ཀྱི་ཚད་གཞི་དང་མཐུན་པའི་ཕྱི་རོལ་གྱི་དྲོད་སྲུང་རྒྱུ་ཆ་བརྗེ་པོ་རྒྱག་དགོས།
7. ད་ལྟ་སྤྱོད་བཞིན་པའི་ཨར་སྐྲུན་ལ་གལ་ཏེ་གྱང་ངོས་ཕྱི་རོལ་གྱི་དྲོད་སྲུང་རྒྱུ་ཆའི་བཀག་བཅད་བརྟན་པོ་མེད་པའམ་ཡང་ན་འགོག་སྲུང་པགས་པ་བཤུས་པ་དང་། གས་པ། ཨི་ཁུང་ཆེན་པོ་འབིགས་པ་སོགས་ལས་དྲོད་སྲུང་རྒྱུ་ཆ་ཕྱིར་མངོན་པ་བཅས་ཀྱི་གནད་དོན་ཐོན་ཚེ་ངེས་པར་དུ་འབར་མི་ཐུབ་པའི་རྒྱུ་ཆས་བཏུམས་དགོས། གྱང་ངོས་ལ་གཙང་སྦྲ་དང་བདག་སྐྱོང་བྱེད་སྐབས་མེ་དང་ཤོག་སྦག་ལ་དོ་སྣང་བྱེད་དགོས། ཚ་ལ་རྒྱག་སྐབས་མེ་འབྲེལ་གྱི་ཞིབ་མཆན་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་དང་ཆབས་ཅིག འགོག་ཟོན་བྱེད་ཐབས་ཡག་པོ་སྤྱོད་དགོས།
8. གྲོང་མིས་ཨར་སྐྲུན་གྱང་ངོས་དང་བར་ཐག་ཉེ་སར་འབར་སླ་བའི་དངོས་པོ་སྤུངས་མི་རུང་ལ་ཐ་མག་ཕྲུག་ལྷག་དེ་བས་དབྱུག་མི་རུང་། དེའི་ཨར་སྐྲུན་ནང་ཁུལ་དང་དེ་བཞིན་མཐའ་འཁོར་གྱི་འཇོག་མི་རུང་བའི་ས་ཆར་ཤོག་སྦག་སྤོར་མི་ཆོག རླངས་འཁོར་དང་གློག་འཁོར་ཐོག་བརྩེགས་ཁང་པའི་ཕྱིའི་གྱང་ངོས་ཀྱི་ཉེ་འཁོར་དུ་འཇོག་མི་རུང་། གློག་སྐུད་ཕྱིའི་གྱང་ངོས་ནས་ཁྲིད་མི་རུང་། ཕྱིའི་གྱང་ངོས་ཀྱི་གྲུབ་ཆར་གཏོར་སྐྱོན་གཏོང་མི་རུང་། ཁང་པའི་ཕྱིའི་གྱང་ངོས་ཀྱི་དྲོད་སྙོམ་འཕྲུལ་ཆས་ཀྱི་ཕྱི་ངོས་ཀྱི་གྲུབ་ཆ་དང་ཁང་ཕྱིའི་བརྡ་ཁྱབ་བྱང་བུར་དུས་བཀག་ལྟར་བདག་སྐྱོང་གཙང་སྦྲ་དང་གློག་སྐུད་ལ་ཞིབ་བཤེར་བྱས་ནས་སྐུད་ལམ་ལ་མེ་འབར་བའམ་ཡང་ན་གློག་འདོན་འཕྲུལ་འཁོར་ཚ་པོ་ཆགས་ནས་མེ་སྐྱོན་མ་ཐོན་སྔོན་འགོག་བྱེད་དགོས།
གཉིས། ཚན་པའི(གནས་ཡུལ)ཨར་སྐྲུན་མེ་འབྲེལ་ལས་སྒྲུབ་ཀྱི་མེ་ཟོན་བདེ་འཇགས་བཀོལ་སྤྱོད་བརྒྱུད་རིམ།
1. མེ་འབྲེལ་ལས་སྒྲུབ་ཀྱི་མེ་ཟོན་བདེ་འཇགས་དོ་དམ་ལམ་ལུགས་བཙུགས་ནས་དོ་དམ་འགན་འཁྲིའི་སྡེ་ཚན་དང་དོ་དམ་འགན་འཁྲིའི་མི་སྣ་ཁ་གསལ་བཟོ་དགོས།
2. མེ་འབྲེལ་ལས་སྒྲུབ་ཀྱི་བརྒྱུད་རིམ་ཧྲིལ་པོའི་མེ་ཟོན་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། མེ་འབྲེལ་ལས་སྒྲུབ་མ་བྱས་གོང་མེ་འབྲེལ་ཆོག་འཐུས་ལག་ཁྱེར་ལ་ཞིབ་མཆན་འགོད་དགོས་པ་དང་། ཞིབ་མཆན་མ་བཀོད་གོང་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱེད་དགོས། མེ་འབྲེལ་ལས་སྒྲུབ་ཟིན་རྗེས་བསྐྱར་ཞིབ་བྱེད་དགོས།
3. མེ་འབྲེལ་ལས་སྒྲུབ་ཀྱི་བཀོལ་སྤྱོད་ལག་ཆ་དང་སྒྲིག་ཆས་ལ་རང་མིང་འགོད་ལམ་ལག་བསྟར་བྱས་ནས་བེད་སྤྱོད་དོ་དམ་བྱེད་དགོས།
4. མེ་འབྲེལ་ལས་སྒྲུབ་ཀྱི་བཀོལ་སྤྱོད་པར་དེ་མཚུངས་ཀྱི་དམིགས་བསལ་ལས་རིགས་ཀྱི་ལས་སྒྲུབ་བཀོལ་སྤྱོད་ཀྱི་ཐོབ་ཐང་ལྡན་དགོས།
5. སྤྱི་པའི་རོལ་རྩེད་ཁང་དང་། ཚོང་ར། ཚོང་འདུས་བཅས་ཀྱིས་ཚོང་གཉེར་བྱེད་རིང་མེ་འབྲེལ་ལས་སྒྲུབ་བྱེད་མི་རུང་།
6. རིམ་པ་ལྔ(རིམ་པ་ལྔ་པ་ཚུད་པ)ཡན་གྱི་ལྷགས་པ་རྒྱག་སྐབས་ཁང་པའི་ཕྱི་རོལ་དུ་མེ་འབྲེལ་ལས་སྒྲུབ་བྱེད་མི་ཆོག
7. ཨར་སྐྲུན་ས་ཁོངས་དང་དེ་བཞིན་ཨར་སྐྲུན་ས་ཁོངས་མིན་པའི་ཁུལ་དུ་མེ་ཟོན་བཅད་ཁ་བཟོ་དགོས།
8. འབར་རུང་བའི་དངོས་པོ་གཙང་སེལ་བྱེད་སྐབས་ཨི་ཁུང་དང་སེར་ཁ་བཀག་དགོས།
9. མེ་འབྲེལ་ལྟ་སྐྱོང་བ་བཀོད་སྒྲིག་བྱས་ནས་མེ་གསོད་ཡོ་བྱད་སྒྲིག་སྦྱོར་བྱེད་དགོས།
10. ཞིབ་བཤེར་གཙང་སེལ་བྱས་ནས་མེ་རོ་མི་ལྷག་པ་བྱེད་དགོས།
(བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མཁོ་འདོན་བྱས)