རང་ལྗོངས་ཀྱི“འོད་ཤུགས་དང་བྱེ་བཅོས”ཟུང་དུ་འབྲེལ་བའི་དཔེ་སྟོན་རང་བཞིན་གྱི་རྣམ་གྲངས་དང་པོ་ལྷོ་ཁར་ལག་བསྟར་བྱེད་འགོ་ཚུགས་པ།
ཉེ་ཆར། རང་ལྗོངས་གྱི“འོད་ཤུགས་དང་བྱེ་བཅོས”ཟུང་དུ་འབྲེལ་བའི་དཔེ་སྟོན་ལས་གྲྭ་དང་པོ་སྟེ། གྲ་ནང་རྫོང་ནོར་སྟོད་གྲོང་ཚོའི་50MWའོད་ཤུགས་བྱེ་བཅོས་དཔེ་སྟོན་རང་བཞིན་གྱི་རྣམ་གྲངས་འགོ་ཚུགས་མཛད་སྒོ་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ནོར་སྟོད་གྲོང་ཚོར་འཚོགས་པ་དང་རྣམ་གྲངས་དེ་ད་ལོའི་ཟླ་10ཚེས་30ཉིན་གོང་དྲ་སྦྲེལ་ཐུབ་ནས་ཐོན་སྐྱེད་བྱེད་རྩིས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་2.4ཙམ་བཏང་བ་དང་ལོར་དྲ་ཞུགས་གློག་འབོར་ཆན་ཝ་ཆུ་ཚོད་དུང་ཕྱུར་1ཙམ་ཟིན་རྒྱུ་རེད། བྱེ་ཐང་དང་། བྲག་གྲམ། རྩྭ་ཐང་སོགས་སུ་འོད་ཤུགས་གློག་ཁང་བསྐྲུན་རྩིས་ཡོད་པ་དང་འཆར་འགོད་བྱས་པའི་ས་ཁྱོན་མུའུ་1100ཙམ་ཟིན་པ་དང་། འཆར་འགོད་བྱས་པའི་གློག་ཤུགས་50MWཡིན་པ། 10MW/40MWhབཀོད་སྒྲིག་གསོག་འཇོག་བྱེད་རྩིས་ཡོད་པ་རེད། རྣམ་གྲངས་བསྐྲུན་ཟིན་རྗེས་གྲ་ནང་རྫོང་ལ་ནུས་རྒྱུ་གཙང་མ་དེ་བས་མང་བ་མཁོ་འདོན་ཐུབ་རྒྱུ་མ་ཟད། ལས་གནས་ངེས་ཅན་ཞིག་ཀྱང་གཏོད་ཐུབ་རྒྱུ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེས“པང་ལེབ་ཐོག་ནས་གློག་གཏོང་བ་དང་པང་ལེབ་འོག་ནས་བྱེ་མ་བཅོས་པའི”མཉམ་འདུས་འཕེལ་རྒྱས་གཏོང་སྟངས་སྤྱད་དེ་འོད་ཤུགས་པང་ལེབ་བསྒྲིགས་ནས་རླུང་འགོག་དང་བྱེ་འགོག་ཡོལ་བ་བསྐྲུན་པ་དང་། པང་ལེབ་འོག་ཏུ་ཐན་པ་ཐེག་ཐུབ་པའི་སྔོ་ཁེབས་བཏབ་ནས་ས་རྒྱུ་ལེགས་སུ་བཏང་སྟེ། ས་ཆའི་སྐྱེ་ཁམས་ཉམས་གསོ་དང་། ནུས་རྒྱུ་གཙང་མ་ཐོན་སྐྱེད། ཐོན་ལས་དཔལ་འབྱོར་ལ་སྐུལ་ཁྲིད་བཅས་ཀྱི་ཕན་འབྲས་མང་པོ་མངོན་འགྱུར་ཡོང་བར་བྱས་ནས་ས་བབ་མཐོ་བའི་ས་ཁུལ་གྱི་བྱེ་འགྱུར་ས་ཆ་ཕྱོགས་བསྡུས་བཅོས་སྐྱོང་དང་ནུས་རྒྱུ་གསར་པ་གསར་སྤེལ་བེད་སྤྱོད་བྱ་རྒྱུར་ཐག་གཅོད་ཇུས་གཞི་གསར་རྐྱང་མཁོ་འདོན་བྱ་རྒྱུ་རེད།