དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལས་གྲྭའི་འཕེལ་རིམ་དམ་འཛིན་གྱིས། མཛེས་པའི་ཁྱིམ་གཞིས་བསྐྱར་སྐྲུན་བྱེད།

    —— དིང་རི་རྫོང་གྲམ་མཚོ་ཤང་མཐོང་ལས་གྲོང་ཚོའི་གེགས་རྗེས་བསྐྱར་སྐྲུན་གྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-05

    ས་དྲོད་ཀྱི་མཚམས་སུ་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གྲམ་མཚོ་ཤང་མཐོང་ལས་གྲོང་ཚོའི་གེགས་རྗེས་བསྐྱར་སྐྲུན་རྣམ་གྲངས་ཀྱི་ལས་ཡུལ་དུ་གློག་བཞུ་ཁྲ་ཆིལ་ལེར་སྤར་ཞིང་། སྔོག་འཕྲུལ་དང་ས་འབུད་འཕྲུལ་འཁོར་གྱི་འུར་སྒྲས་མཚན་མོའི་ཁུ་སིམ་གྱི་རྣམ་པ་ཡོངས་སུ་དཀྲོགས། གློག་སྒྲོན་ཆེན་པོའི་འོག་འཕྲུལ་འཁོར་གྱིས་ས་འདྲུ་བ་དང་། ལས་གྲྭའི་རླངས་འཁོར་མང་པོ་ཕར་འགྲོ་ཚུར་འོང་བྱེད་བཞིན་མཆིས།

    གེགས་ཁུལ་མང་ཚོགས་བདེ་འཇགས་དང་སྐྱིད་སྣང་ལྡན་པའི་ཁང་པ་གསར་པའི་ནང་སྔ་ཙམ་སྡོད་རྒྱུ་ཡོང་བ་བྱ་ཆེད། དིང་རིང་རྫོང་གིས་གེགས་རྗེས་བསྐྱར་སྐྲུན་གྱི་ལས་ཀ་སྒྲུབ་མགྱོགས་སུ་བཏང་བ་དང་ཨར་ལས་རུ་ཁག་གིས་ཆུ་ཚོད་24ཡི་རིང་རེས་མོས་ལས་ཀ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལས་ཀའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བཞིན་ཡོད།

    རྣམ་གྲངས་དུམ་བུ་དགུ་པའི་བོད་ལྗོངས་ཤིན་ཧའེ་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་ཁྱབ་ཅིང་ལི་དང་ཏང་ཀྲི་པུའི་ཧྲུའུ་ཅི་ཙེང་ཡུས་ལུང་གིས“ས་གནས་དེ་གའི་མང་ཚོགས་སྡོད་ཁང་གསར་པར་སྔ་ཙམ་སྡོད་ཐུབ་པ་བྱ་ཆེད། ང་ཚོས་ལས་རེས་ཚོགས་ཆུང་གཉིས་རེས་མོས་ཀྱི་ལམ་ལུགས་བཟོས་ནས་སྤུས་ཚད་འགན་ལེན་གྱི་སྔོན་འགྲོའི་ཆ་རྐྱེན་འོག་ལས་དུས་འཕར་མ་བྱས་ཏེ་དུས་བཀག་ལྟར་སྒྲུབ་ཐུབ་པར་སྐུལ་འདེད་གཏོང་བཞིན་ཡོད”ཅེས་བཤད།

    མཐོང་ལས་གྲོང་ཚོ་ནི་དིང་རི་རྫོང་གིས་གཅིག་གྱུར་འཆར་འགོད་དང་འཛུགས་སྐྲུན་བྱེད་པའི་སྲིད་འཛིན་གྲོང་ཚོའི་གྲས་ཤིག་ཡིན་པ་དང་། དེར་དུད་ཚང་83གྱི་སྡོད་ཁང་བསྐྱར་དུ་རྒྱག་དགོས་ཀྱི་ཡོད། ད་ལོའི་ཟླ་ལྔ་པའི་ཟླ་འགོ་ནས་བཟུང་དངོས་སུ་ལས་འགོ་བརྩམས་ཏེ་བསྐྱར་སྐྲུན་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་བས་ད་ཆ་ཁུལ་ཁོངས་ཁག་གཅིག་གི་རྩིག་རྨང་བཏིང་ཚར་ནས་ཁང་པའི་སྒྲོམ་གཞི་སྤྱིར་ན་བསླངས་ཟིན་ཡོད། དིང་རི་རྫོང་གི་གྲོང་མིའི་སྡོད་ཁང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གཅིག་གྱུར་འཆར་འགོད་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་ཀའི་འཕེལ་རིམ་ལྟར་ན། ཟླ་6ཚེས་10ཉིན་གོང་མཐོང་ལས་གྲོང་ཚོའི་རྨང་གཞིའི་ལས་གྲྭ་ལེགས་སྒྲུབ་བྱས་ཏེ་ཟླ་བརྒྱད་པའི་ཟླ་མཇུག་ཏུ་རྩིས་སྤྲད་ནས་སྤོ་ཐུབ་པ་བྱ་རྒྱུ་ཡིན་པ་རེད།

    གེགས་བར་བྱུང་བའི་མང་ཚོགས་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ཁང་གསར་ནང་སྔ་ཙམ་སྤོ་ཐུབ་ཆེད། དིང་རི་རྫོང་ཨུད་དང་རྫོང་སྲིད་གཞུང་གིས“རྫོང་རིམ་པའི་འགོ་ཁྲིད་ཀྱིས་རྣམ་གྲངས་འགན་གཙང་ལེན་པ་དང་། གྲོང་ཚོ་རིམ་པའི་ལས་བྱེད་པས་ཡུག་ཁུལ་འགན་གཙང་ལེན་པ། ཏང་ཡོན་ལས་བྱེད་པས་དུད་ཚང་འགན་གཙང་ལེན་པ”བཅས་ཀྱི་འགན་གཙང་ལམ་སྲོལ་བཙུགས་ཏེ། དགོས་མཁོ་ཚང་མ་འགན་སྲུང་དང་། རྒྱུན་འཁོར་ཧྲིལ་པོར་ཞབས་འདེགས། དུས་དང་རྣམ་པ་ཀུན་ཏུ་བརྡ་ལན་སྤྲོད་པ་བཅས་བྱེད་ཐུབ་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་སྤྱི་འདོམས་ངང་ཐོན་ཁུངས་བཀོད་སྒྲིག་བྱས་ནས་ཨར་སྐྲུན་རྒྱུ་ཆ་མཁོ་སྤྲོད་དུས་ཐོག་ཏུ་བྱེད་ཐུབ་པ། ཨར་པོ་བས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས“དུས་ཚོད་དམ་འཛིན་དང་སྤུས་ཚད་འགན་ལེན”ལས་རིམ་ཧྲིལ་པོར་ཁྱབ་པ་བཅས་བྱས་ཡོད།

    བྲེལ་བརྩོན་ངང་ཨར་སྐྲུན་བྱ་ཚུལ་མཐོང་སྐབས། ཡུལ་མི་ལྷག་པས“ང་ཚོ་སྡོད་ཁང་གསར་པར་གང་མགྱོགས་སྤོ་ཐུབ་པ་འདུག འཚོ་བ་སྔར་བས་སྐྱིད་དུ་འགྲོ་ངེས་རེད”ཅེས་གདོང་ནས་དགའ་བའི་འཛུམ་མདངས་སྟོན་བཞིན་དུ་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།