ཧྥུའུ་ཅན་གྱིས་རྒྱ་མཚོའི་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་བཏང་བ།
བློ་མཐུན་ཞི་ཅིན་ཕིང་ཧྥུའུ་ཅན་དུ་ཕྱག་ལས་གནང་རིང་། “མཚོ་ཐོག་ཧྥུའུ་ཀྲོའུ”དང“མཚོ་ཐོག་ཧྥུའུ་ཅན”སྐྲུན་དགོས་ཞེས་སྔ་རྗེས་སུ་བཏོན་གནང་ཡོད། 2024ལོའི་ཟླ་10པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དུ་རྟོག་ཞིབ་གནང་རིང“ཧྥུའུ་ཀྲོའུ་དང་ཞ་མོན་དུ་རྒྱལ་ཡོངས་ཀྱི་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་མགྱོགས་མྱུར་འཛུགས་པར་སྐུལ་འདེད་བཏང་སྟེ་རྒྱ་མཚོའི་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་གཏོང་དགོས”ཞེས་བསྟན་གནང་ཡོད།
སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ཧྥུའུ་ཅན་གྱིས་རྒྱ་མཚོའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་པ་དང་རྒྱ་མཚོའི་ཐོན་ལས་གསོ་སྐྱོང་དང་རྒྱ་སྐྱེད་བཏང་ནས་རྒྱ་མཚོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། 2024ལོར་ཞིང་ཆེན་ཡོངས་ཀྱི་རྒྱ་མཚོའི་དཔལ་འབྱོར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་1.25ལྷག་ཙམ་ཟིན་ཞིང་། ཆུའི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་དང་མི་རེའི་ཆ་སྙོམས་ཆུའི་ཐོན་རྫས་བཟུང་ཚད་སོགས་ཀྱི་དམིགས་ཚད་མང་པོ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
ཟས་རིགས་ཆེན་པོའི་ལྟ་བ་བརྟན་པོར་བཙུགས་ནས་ལག་ལེན་བསྟར་བ་དང་། མཚོ་ཁོངས་རྒྱ་ཆེ་ཞིང་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཧྥུའུ་ཅན་གྱིས་རྒྱ་མཚོ་ནས་ཟས་རིགས་བླངས་ཏེ་རྒྱ་མཚོའི་གསོ་སྤེལ་ར་བ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།
མཚོ་འགྲམ་སྲོལ་རྒྱུན་ཉ་གསོ་དང་མི་འདྲ་བར། “ཧྥུའུ་པའོ་རྟགས་ཅན་དང་པོ”མཚོ་འཇིངས་ཕྱོགས་སུ་བསྐྱོད་ཡོད། འདི་གའི་མཚོ་ཆུ་བརྗེ་རེས་བྱེད་ཚད་དེ་བས་ཆེ་བ་དང་ཆུའི་དྲོད་ཚད་དེ་བས་བརྟན་པ་མ་ཟད། ཉ་བསྙལ་མའི་སྤུས་ཚད་དང་། ལྗིད་ཚད། གསོན་ཚད་བཅས་ཀྱང་ཇེ་མཐོར་ཕྱིན་ཡོད། ཉེ་བའི་ལོ་ཤས་རིང་། ལན་ཅང་རྫོང་གིས་མཚོ་ཐོག་གསོ་སྤེལ་ལས་རིགས་ཕྱོགས་སྒྱུར་རིམ་སྤོར་ལ་མུ་མཐུད་སྐུལ་འདེད་བཏང་ཞིང་། འདི་ལོའི་ཟླ་3པའི་ཟླ་མཇུག་ཏུ་སྲོལ་རྒྱུན་ཉ་གསོ་ར་བ་རིམ་སྤོར་བསྒྱུར་བཀོད་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྱུབ་བྱས་པ་དང་མཚོ་འགྲམ་གྱི་ཆུ་སྤུས་ལེགས་པའི་བསྡུར་ཚད་92.5%ཟིན་ཡོད།
ན་ནིང་ལོ་མཇུག་བར། ཧྥུའུ་ཅན་གྱིས་ཆུ་ཟབ་རླུང་འགོག་དྲ་སྒམ་5300ལྷག་ཙམ་བསྐྲུན་པ་དང་། མཚོ་འཇིངས་གསོ་སྤེལ་ལས་སྟེགས་23བསྐྲུན་པ། མཚོ་འཇིངས་གསོ་སྤེལ་གཞི་ཁྱོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། ཉ་སེར་ཆེན་དང་། ཉ་བསྙལ་མ། ཉ་སོག ཧའེ་ཏའེ་སོགས་གསོ་སྤེལ་བྱེད་ཚད་མཐོ་པོ་ཡོད།
ཉིང་ཏེ་ཧྥུའུ་ཉིང་གྲུ་གཟིངས་ལྕི་བའི་བཟོ་ལས་ཚད་ཡོད་ཀུང་སིའི་སྒྲིག་སྦྱོར་གྲུ་ཁར་རང་རྒྱལ་གྱི་གློག་བརྟེན་མཚོ་ཐོག་ཡུལ་སྐོར་འགྲུལ་སྐྱེལ་གྲུ་གཟིངས་ཐོག་མ“ཡུས་ཅན་77”གྱི་མཐའ་མའི་སྙོམ་སྒྲིག་ཚོད་ལྟ་བྱེད་བཞིན་ཡོད།
“2026ལོའི་ལོ་མཇུག་བར་དུ་མངགས་ཐོ་ཡོད”ཅེས་དང་ཀུང་སིར་ཇུས་འགོད་དང་བཟོ་སྐྲུན་ནས་མ་ལག་འདུས་གྲུབ་བར་གྱི་འཁོར་འབྲེལ་ཧྲིལ་པོའི་ནུས་པ་ཆགས་ཡོད་ཅེས་ཧྥུའུ་ཉིང་ལྕི་བའི་བཟོ་ལས་ཀྱི་སྤྱི་ཁྱབ་ཅིང་ལིའི་ལས་རོགས་ཧུའུ་ཡུས་གོས་ངོ་སྤྲོད་བྱས་པ་རེད།
ཀྲའོ་ཝ་26རིམ་པའི་མཚོ་ཐོག་རླུང་ཤུགས་གློག་འདོན་འཕྲུལ་ཙུའུ་བཟོ་མཇུག་འགྲིལ་ནས་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་དང་ཟུང་དུ་འབྲེལ་བའི་གོ་ལ་ཧྲིལ་པོའི་འཕྱོ་གཡེང་རྣམ་པའི་མཚོ་ཐོག་ཆིང་བཟོ་སྟེགས་བུ་ཐོག་མ་བསྐྲུན་པ་ལ་སོགས། ཧྥུའུ་ཅན་དུ་ལྗང་མདོག་རྡོ་སྣུམ་རྫས་འགྱུར་དང་རྒྱ་མཚོའི་ཡུལ་སྐོར་གྱི་སྒོར་དུང་ཕྱུར་5000རིམ་པའི་རྒྱ་མཚོའི་ཐོན་ལས་ཁྱུ་ཚོགས་2དང་དེ་བཞིན་རྒྱ་མཚོའི་ཉ་ལས་དང་། མཚོ་ཐོག་སྐྱེལ་འདྲེན་ཟོག་འགྲེམས། རྒྱ་མཚོའི་ཆ་འཕྲིན་བཅས་སྒོར་དུང་ཕྱུར་སྟོང་རིམ་པའི་རྒྱ་མཚོའི་ཐོན་ལས་ཁྱུ་ཚོགས་3ཆགས་ཡོད།
ལམ་སྲོལ་གསར་གཏོད་བྱས་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ།
ཧྥུའུ་ཀྲོའུ་གྲོང་ཁྱེར་ཀུའུ་ལོའུ་ཆུས་རྒྱ་མཚོའི་དཔལ་འབྱོར་ཚན་རྩལ་གསར་གཏོད་མཐོ་སར་བཅའ་སྡོད་བྱས་པའི་ལོ་གཅིག་ལྷག་ཙམ་རིང་ཧྥུའུ་ཀྲོའུ་ཧའེ་ཁོའོ་ལག་རྩལ་གསར་མའི་ཚད་ཡོད་འགན་འཁྲི་ཀུང་སིས་རང་བདག་ཤེས་བྱའི་ཐོན་དབང་ཡོད་པའི་རྒྱ་མཚོའི་གནོད་འཚེ་ཕྱོགས་བསྡུས་འགོག་བཅོས་མ་ལག་གི་དཔེ་དབྱིབས་ཆེན་པོའི་ཉེར་སྤྱོད་མ་ལག་གསར་སྤེལ་བྱས་ཏེ། གནོད་འཚེ་ཐོན་ཉེར་སྔོན་བརྡ་གཏོང་བ་དང་ཆུ་འོག་འཚོལ་ཞིབ་སྔོན་བརྡ་གཏོང་བ་སོགས་རྒྱ་མཚོའི་བདེ་འཇགས་གནད་དོན་ཐག་གཅོད་པར་རམ་འདེགས་བྱས་ཡོད།
“འདི་གར་གྲངས་འཛིན་ཤེས་ལྡན་མི་སྣ་མང་བས་ཁེ་ལས་འཕེལ་རྒྱས་མགྱོགས་པོ་འགྲོ་རྒྱུར་རོགས་རམ་བྱེད་ཐུབ”ཅེས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཁོའུ་ཝེ་པིན་གྱིས་བཤད། སྲིད་གཞུང་དང་ཁེ་ལས་འབྲེལ་མཐུད་ཚོགས་འདུ་དང་རྣམ་གྲངས་ལམ་བསྒྲགས་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་ཚན་རྩལ་གསར་གཏོད་མཐོ་སས་བཅའ་སྡོད་ཁེ་ལས་དང་ཚན་རིག་ཞིབ་འཇུག་ཁང་དང་དངུལ་རྩའི་སྒྲིག་གཞིའི་དབར་འབྲེལ་མཐུད་བྱེད་རོགས་བྱས་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་གསོ་སྐྱོང་དང་སྟོབས་ཆེར་བཏང་ཡོད།