དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པའི་ཀྲུང་གོས་ད་དུང་ཐཱན་ཉུང་དུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་དོན་གང་ཡིན་ནམ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཁྲེང་ཁྲེན།   |     སྤེལ་དུས།  2025-06-04

    ཐཱན་ཉུང་དུ་གཏོང་དགོས་དོན་གང་ཡིན་ནམ།

    ཐད་ཀའི་རྒྱུ་རྐྱེན་ནི་གནམ་གཤིས་དྲོ་རུ་ཕྱིན་པ་དེས་མིའི་རིགས་ཀྱི་འཚོ་གནས་དང་ཤེས་དཔལ་རྒྱུན་མཐུད་ལ་ཉེན་ཁ་བཟོ་བ་དེ་རེད།

    མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དྲོད་ཁང་རླུང་གཟུགས་འབུད་ཚད་མང་དུ་ཕྱིན་པ་དང་ཉིན་རེ་བཞིན་མང་དུ་འགྲོ་བ་དང་ཛ་དྲག་ཏུ་འགྲོ་བའི་གནམ་གཤིས་གནོད་འཚེའི་དབར་ཐད་ཀར་འབྲེལ་བ་ཡོད་པ་དང་གོ་ལ་ཧྲིལ་པོ་དྲོ་རུ་འགྲོ་ཚད་མགྱོགས་སུ་འགྲོ་བཞིན་ཡོད་ཅེས་ཐ་ཚིག་ཐེངས་མང་བསྒྲགས་ཡོད། འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱི་གྲངས་གཞི་ལས་མངོན་པར། 2024ལོ་ནི་ཟིན་ཐོ་བཀོད་ཚུན་གྱི་ཚ་བ་ཆེ་ཤོས་ཀྱི་ལོ་ཞིག་ཡིན་པ་མ་ཟད། དམིགས་བསལ་གནམ་གཤིས་དོན་རྐྱེན་གོ་ལ་ཧྲིལ་པོའི་ས་ཆ་མང་པོར་ཡང་ཡང་ཐོན་ཡོད། དུས་རབས་འདིའི་དུས་འགོ་དང་བསྡུར་ན། 2024ལོར་ཟླ་རེར་ཆར་ཆུ་འབབ་ཚད་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཚད་ཐོན་ཚད་27%ལས་མཐོ་བ་དང་ཉིན་རེར་ཆར་ཆུ་འབབ་ཚད་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཚད་ཐོན་ཚད་52%ལས་མཐོ་བ་ཡོད།

    གོ་ལ་ཧྲིལ་པོ་དྲོ་རུ་ཕྱིན་པ་ལས་བྱུང་བའི་ཤུགས་རྐྱེན་ཁྲོད། རྒྱལ་ཁབ་གང་ཞིག་ཡིན་རུང་རང་དགར་གནས་མི་ཐུབ། རང་རྒྱལ་ལ་ཆ་མཚོན་ན། ཀྲུང་གོའི་གནམ་གཤིས་སྤྱི་བསྒྲགས་ལས་མངོན་པར། 2024ལོར་རྒྱལ་ཡོངས་ཀྱི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་10.9ཟིན་པ་དེ་1951ལོ་ཚུན་གྱི་ལོ་རྒྱུས་ཀྱི་མཐོ་ཤོས་ཡིན་པ་དང་རྒྱལ་ཡོངས་ཀྱི་ཆ་སྙོམས་དྲོད་ཚད་མཐོ་བའི་ཉིན་གྲངས་དེ་ལོ་འཁོར་མོ་ལས་ཉིན་6.6མང་བ་ཡོད་པ་དེ་1961ལོ་ཚུན་གྱི་མང་ཤོས་གཉིས་པ་ཡིན་པ་དང་། རྒྱལ་ཡོངས་སུ་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི་697.7ཟིན་ནས་ལོ་འཁོར་མོ་ལས་9.0%ཡིས་མང་བ་ཡོད། འབྲེལ་ཡོད་རང་བྱུང་གནོད་འཚེས་ཞིང་ལས་ཐོན་སྐྱེད་ལ་ཤུགས་རྐྱེན་ཐེབས་པ་མ་ཟད། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཉེན་ཁ་ཡང་བཟོས་ཡོད།

    རིམ་པ་དེ་བས་གཏིང་ཟབ་པའི་རྒྱུ་རྐྱེན་ཐད་རྒྱལ་སྤྱི་དང་རྒྱལ་ནང་གི་རིམ་པ་གཉིས་ཡོད།

    རྒྱལ་སྤྱིའི་རིམ་པའི་ངོས་ནས་བརྗོད་ན། ཐཱན་ཉུང་དུ་གཏོང་རྒྱུ་ནི་ཀྲུང་གོས་རང་འགུལ་ངང་རྒྱལ་ཁབ་ཆེན་པོའི་འགན་འཁྲི་ཁུར་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་རེད།

    ཐཱན་ཉུང་དུ་བཏང་ན་ཀྲུང་གོས་གོ་ལ་ཧྲིལ་པོའི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོའི་ཁྲོད་འཐབ་ཇུས་ཀྱི་རང་འགུལ་རྒྱུན་འཁྱོངས་བྱེད་ཐུབ། ཐཱན་ཉུང་དུ་གཏོང་བའི་ཐད་འབད་བརྩོན་བྱས་ཚེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་སྟོབས་ཤུགས་ཆེ་རུ་འགྲོ་བར་རམ་འདེགས་ཐུབ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ཕྱར་བ་གྲུ་འདེགས་བྱེད་ཐུབ། གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཞུགས་མཁན་དང་། ལེགས་སྐྱེས་འབུལ་མཁན། སྣེ་ཁྲིད་མཁན་བཅས་གལ་ཆེན་ཡིན་པའི་ཀྲུང་གོས་གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་ནང་གཏིང་ཟབ་ཞུགས་ནས་གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་མ་ལག་ཁྲོད་ཀྱི་སྐད་ཆ་ཤོད་དབང་དང་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། ཀྲུང་གོས་གོ་ལ་ཧྲིལ་པོའི་ནུས་རྒྱུ་གསར་པའི་ཐོན་ལས་འཁོར་འབྲེལ་ཆེ་ཤོས་དང་ཆ་ཚང་ཤོས་བསྐྲུན་པ་དང་། 2023ལོར་ཕྱིར་གཏོང་བྱས་པའི་རླུང་གློག་དང་འོད་ཤུགས་ཐོན་རྫས་ཀྱིས་རྒྱལ་ཁབ་གཞན་དག་ལ་ཐཱན་ཏུན་དུང་ཕྱུར་8.1ཙམ་ཉུང་དུ་གཏོང་བར་རམ་འདེགས་བྱས་ཡོད།

    རྒྱལ་ནང་གི་ངོས་ནས་བརྗོད་ན། ཐཱན་ཉུང་དུ་གཏོང་བ་དེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ཕན་ཐོགས་ཡོད།

    ཐཱན་ཉུང་དུ་གཏོང་བ་དེ་མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་སྐོང་ཐུབ་པ་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད། རང་རྒྱལ་གྱིས་ནུས་རྒྱུའི་གྲུབ་ཆ་ལེགས་སྒྲིག་ཤུགས་ཆེན་བྱས་ཏེ། ཆུ་གློག་དང་། ཉིང་གློག རླུང་གློག ཉི་ནུས་བཅས་ནས་གློག་གཏོང་ཚད་ཆེས་ཆེར་འཕར་ནས་ཐཱན་འབུད་ཚད་ཉུང་དུ་ཕྱིན་པ་མ་ཟད། ད་དུང་PM2.5དང་དེ་བཞིན་སྦགས་བཙོག་དངོས་པོ་གཞན་དག་འབུད་ཚད་ཉུང་དུ་ཕྱིན་ཡོད། 2015ལོ་ནས་2023ལོ་བར། རང་རྒྱལ་གྱི་ས་ཁུལ་རིམ་པ་དང་དེ་ཡན་གྲོང་ཁྱེར་གྱི་PM2.5ཆ་སྙོམས་གར་ཚད་30%ཆག་ཡོད། 2013ལོ་ནས་2022ལོ་བར། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཁུལ་ཁོངས་ཀྱི་GDPབཅུ་ཆ་དྲུག་འཕར་བ་དང་ཆབས་ཅིག PM2.5གར་ཚད་བཅུ་ཆ་དྲུག་ཡན་ཆག་ཡོད།

    ཐཱན་ཉུང་དུ་གཏོང་བ་དེས་ཐོན་ཁུངས་དང་ཁོར་ཡུག་ལ་ཚོད་འཛིན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུར་ཕན་ཐོགས་ཡོད། རང་རྒྱལ་གྱི་རླུང་དང་། ཉི་འོད། ཆུ། སྐྱེ་དངོས་བཅས་ཀྱི་གློག་འདོན་འཕྲུལ་འཁོར་སྒྲིག་སྦྱོར་བསྡོམས་འབོར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད། འདས་ཟིན་པའི་ལོ་10ཡི་རིང་། རང་རྒྱལ་གྱི་རྡོ་སོལ་གྱིས་ནུས་རྒྱུ་འཛད་སྤྱོད་ནང་བཟུང་བའི་བསྡུར་ཚད་བརྒྱ་ཆའི་གྲངས་12.6ཆག་ཡོད། 2013ལོ་ནས་2023ལོ་བར། རང་རྒྱལ་གྱིས་ཆ་སྙོམས་ལོ་རེར་ནུས་རྒྱུ་འཛད་སྤྱོད་འཕར་ཚད་3.3%ལ་བརྟེན་ནས་ཆ་སྙོམས་ལོ་རེར་དཔལ་འབྱོར་འཕར་ཚད་6.1%ལ་འདེགས་སྐྱོར་བྱས་ཡོད། 2023ལོར་རང་རྒྱལ་གྱི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུས་ལོར་གློག་གཏོང་ཚད་ཀྱིས་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་འབོར་ཁྲོད་1/3ཙམ་བཟུང་ཡོད།

    ཐཱན་ཉུང་དུ་གཏོང་བ་དེས་ལག་རྩལ་ཡར་ཐོན་གྱི་འཕེལ་ཕྱོགས་དང་བསྟུན་པ་དང་དཔལ་འབྱོར་གྲུབ་ཆ་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད། རང་རྒྱལ་གྱིས་རིམ་རྩིས་བརྒྱབ་ན། ལྕགས་དང་ངར་ལྕགས་ཀྱི་རྗེས་ལུས་ཐོན་ནུས་ཏུན་དུང་ཕྱུར་1.5ཡན་ཕྱིར་འཐེན་བྱས་པ་དང་། ལྕགས་དང་ངར་ལྕགས་ཀྱི་བརྒྱུད་རིམ་ཧྲིལ་པོའི་འབུད་ཚད་ཧ་ཅང་དམའ་བའི་སྒྱུར་བཀོད་ཏུན་དུང་ཕྱུར་1.34ལེགས་གྲུབ་བྱས་པ། གོ་ལ་ཧྲིལ་པོའི་ཆེ་ཤོས་དང་། ཆ་ཚང་ཤོས། འགྲན་ནུས་ཆེ་ཤོས་བཅས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཁོར་འབྲེལ་བསྐྲུན་པ། ཤེལ་མང་ཀུལ། སྭེལ་ལེབ། གློག་རྫས་ལེབ་མོ། ལྷུ་ལག་བཅས་ཐོན་ཚད་ཀྱིས་གོ་ལ་ཧྲིལ་པོར་བཟུང་བའི་བསྡུར་ཚད་ཚང་མ་80%ཡན་ཟིན་ཡོད་ལ། རླུང་གློག་འཕྲུལ་ཚན་བཟོ་སྐྲུན་ཐོན་ནུས་ཀྱིས་གོ་ལ་ཧྲིལ་པོའི་བཅུ་ཆ་དྲུག་བཟུང་ཡོད།

    ཐཱན་ཉུང་དུ་ཕྱིན་པ་དང་ཆབས་ཅིག་འཕེལ་རྒྱས་མངོན་འགྱུར་བྱུང་བ་མཐོང་ཐུབ། ཐཱན་ཉུང་དུ་གཏོང་རྒྱུར་བསམ་བློ་གཏོང་བ་དེ་ནི། ངོ་བོའི་ཐོག་ནས་བརྗོད་ན། འཕེལ་རྒྱས་ཇི་ལྟར་གཏོང་རྒྱུར་རྩད་གཅོད་ཞིབ་དཔྱད་བྱ་རྒྱུ་དེ་ཡིན།

    ང་ཚོས་དོན་གཉེར་བྱེད་པའི་འཕེལ་རྒྱས་ནི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་ཉིན་རེ་བཞིན་ཇེ་ཆེར་འགྲོ་བའི་དགོས་མཁོ་ལེགས་པར་སྐོང་བའི་འཕེལ་རྒྱས་ཤིག་ཡིན་ལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མངོན་པའི་འཕེལ་རྒྱས་ཤིག་ཀྱང་ཡིན།

    རྒྱལ་ཁབ་ཁག་གཅིག་ཐཱན་ཉུང་དུ་གཏོང་བའི་ཁྲོད་ནས་ཕྱིར་བཤོལ་བརྒྱབ་མོད། འོན་ཀྱང་ཀྲུང་གོའི་ཁས་ལེན་དམ་བཅར་གཡོ་འགུལ་སྤུ་ཙམ་ཡང་བྱུང་མེད། ལྗང་མདོག་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པ་དང་ཐཱན་ཉུང་དུ་གཏོང་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་བླང་བྱ་ཡིན། ཐཱན་ཉུང་དུ་གཏོང་བ་དང་ཆབས་ཅིག་ང་ཚོས་འཕེལ་རྒྱས་གཏོང་སྟངས་བསྒྱུར་རྒྱུ་མངོན་འགྱུར་བྱེད་དགོས།

    ཀྲང་པེ་ཡི་རླུང་གློག་གིས་པེ་ཅིང་གི་མཚན་མོ་གློག་འོད་ཀྱིས་བརྒྱན་པ་དང“གནམ་སྔོ་སྤྲིན་དཀར་དང་རྒྱུ་སྐར་འཚེར་བ”དེ་རྒྱུན་གཏན་དུ་གྱུར་བའི་རྣམ་པ་དེར་བསྔགས་བརྗོད་ཀྱི་མཐེ་བོང་མི་བསྒྲེངས་མཁན་གཅིག་ཀྱང་མེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།