མཚོ་སྔོན་གྱིས་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་ནས་མང་ཚོགས་ཀྱི་བདེ་ཐང་དང་བདེ་རྩ་ཆེ་རུ་བཏང་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། ཞིང་ཆེན་ཡོངས་ཀྱིས་གྲོང་གསེབ་ཀྱི་བདེ་ཐང་ཁོར་ཡུག་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་ཉིད་བདེ་ཐང་མཚོ་སྔོན་འཐབ་ཇུས་ཀྱི་སྤྱིའི་བཀོད་པའི་ནང་བཅུག་པ་དང་། ཞིང་ཆེན་ཡོངས་ཀྱི《གྲོང་གསེབ་ཀྱི་བདེ་ཐང་ཁོར་ཡུག་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི》དང《གྲོང་གསེབ་ཀྱི་བདེ་ཐང་ཐོན་ལས་འཕེལ་རྒྱས་གཏོང་བའི་ལག་བསྟར་ཇུས་གཞིའི》བཀོད་སྒྲིག་ལྟར། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་དང་། སྐྱེ་ཁམས་ཁོར་ཡུག་ཐིང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་སོགས་སྡེ་ཚན་དང་མཉམ་དུ་བདེ་ཐང་གྲོང་གསེབ་འཛུགས་སྐྲུན་གྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཏེ། “སྐྱེ་ཁམས་གནས་འཕྲོད་དང་བདེ་ཐང་ཞི་མཐུན”གྱི་གྲོང་གསེབ་འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་འཛུགས་སྐྱོང་ཧུར་ཐག་བྱས་པ་དང་། ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་ནས་ཞིང་འབྲོག་མང་ཚོགས་ཀྱི་བདེ་ཐང་དང་བདེ་རྩ་ཆེ་རུ་ཏན་ཏིག་བཏང་ཡོད།
ཞིང་ཆེན་ཡོངས་ཀྱིས་ཞིང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་དང་། ཆུ་འབུད། གད་སྙིགས་གཙང་སེལ་སོགས་ཀྱི་སྒྲིག་བཀོད་ལ་མ་དངུལ་གཏོང་ཤུགས་སྔར་བས་ཆེ་རུ་བཏང་ནས་འཐུང་ཆུ་བདེ་འཇགས་ཡོང་བ་དང་། བཙོག་ཆུ་ཚད་ལོན་འབུད་གཏོང་། གད་སྙིགས་དུས་ཐོག་གཙང་སེལ་བཅས་བྱ་རྒྱུའི་འགན་ལེན་བྱས་ཤིང་། གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་དང་འབྲོག་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་ཡོད། ཆུ་མཁོ་འདོན་དྲ་རྒྱའི་བཀོད་པ་སྔར་བས་ལེགས་སུ་བཏང་ནས་གྲོང་གསེབ་ཀྱི་གཞི་ཁྱོན་ཅན་གྱི་ཆུ་མཁོ་འདོན་ལས་གྲྭ་འཛུགས་སྐྲུན་དང་ཆུ་མཁོ་འདོན་ལས་གྲྭ་ཆུང་གྲས་ཚད་ལྡན་ཅན་གྱི་སྒྱུར་བཀོད་ལག་བསྟར་བྱས་ཏེ། འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཞིང་འབྲོག་པའི་འཐུང་ཆུའི་བདེ་འཇགས་འགན་ལེན་བྱས་ཡོད། གསང་སྤྱོད་སྒྱུར་བཀོད་བྱེད་པའི་ལག་རྩལ་གྱི་རྣམ་པ་ཚན་རིག་དང་མཐུན་པའི་སྒོ་ནས་བདམས་ཏེ། ཆུ་བཤལ་འཚམ་སར་ཆུ་བཤལ་དང་སྐམ་སྤྱོད་འཚམ་སར་སྐམ་སྤྱོད་ལ་བརྟེན་ནས་ཞིང་འབྲོག་ཁུལ་གྱི་འཕྲོད་བསྟེན་གསང་སྤྱོད་ཁྱབ་ཚད་བརྟན་པོའི་ངང་མཐོ་རུ་བཏང་ཡོད། མི་འབོར་སྡོད་གནས་གཅིག་སྡུད་ས་ཁོངས་ཀྱི་འཚོ་བའི་བཙོག་ཆུ་གཙང་གསིང་བྱེད་པ་དང་། སྐྱེ་ཁམས་བཙོག་ཆུ་གཙང་གསིང་ལག་རྩལ་ཁྱབ་གདལ་གཏོང་བ། བཙོག་ཆུ་ཕྱིར་འབུད་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ། ཞིང་འབྲོག་པས་འཚོ་བའི་བཙོག་ཆུ་ཚད་ལྡན་ངང་ཕྱིར་འབུད་བྱེད་པར་ཁྲིད་སྟོན་བཅས་བྱས་ཡོད། “གྲོང་ཚོས་བསྡུ་རུབ་དང་། ཤང་གིས་བརྒྱུད་འདྲེན། རྫོང་གིས་བཅོས་སྐྱོང”བཅས་ཀྱི་བྱེད་ཐབས་ལྟར། འབྲེལ་ཡོད་སྒྲིག་བཀོད་བཀོད་སྒྲིག་ལུགས་མཐུན་བྱས་ནས་འཚོ་བའི་གད་སྙིགས་ནུས་ལྡན་ངང་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ཡོད། གྲོང་གསེབ་ཀྱི་ནུས་རྒྱུ་གཙང་མའི་འཛུགས་སྐྲུན་ལས་གྲྭ་ལག་བསྟར་བྱས་ཏེ་རྒྱུན་ལྡན་གྱི་འཚོ་བ་དང་ཞིང་ལས་ཐོན་སྐྱེད་དང་ལས་སྣོན་ཁྱབ་ཁོངས་སུ་ནུས་རྒྱུ་གཙང་མ་སྤྱོད་པའི་བསྡུར་ཚད་རིམ་བཞིན་མཐོ་རུ་བཏང་ཡོད།
བཟོ་ལས་ཀྱི་འཛེར་སྒྲ་སྤོ་སྒྱུར་ཚོད་འཛིན་ནན་པོ་བྱས་ཏེ་ཞིང་འབྲོག་པ་སྡོད་སའི་མཐའ་འཁོར་དུ་འཛེར་སྒྲའི་སྦགས་བཙོག་ཚབས་ཆེན་ཐོན་སྲིད་པའི་ཁེ་ལས་འཛུགས་སྐྲུན་ལ་ཆོག་མཆན་མི་སྤྲོད་པ་དང་། བསྐྲུན་ཟིན་པའི་བཟོ་ལས་ཁེ་ལས་ལ་འཛེར་སྒྲའི་སྦགས་བཙོག་གྲལ་བཤེར་བྱེད་པ་དང་། ཁྲིམས་དང་སྒྲིག་སྲོལ་ལྟར་འཛེར་སྒྲའི་སྦགས་བཙོག་ཚབས་ཆེན་བྱུང་བའི་དོན་རྐྱེན་དང་འབྲེལ་བའི་ཁེ་ལས་ལ་ཆད་པ་གཅོད་ཀྱི་ཡོད། གྲོང་གསེབ་ཀྱི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་དང་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ཟུང་འབྲེལ་བྱས་ཏེ། “གཙང་གསུམ་སྒྱུར་གསུམ”ལ་མུ་མཐུད་སྐུལ་འདེད་བཏང་བ་དང་། བདེ་ཐང་གྲོང་གསེབ་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་། གྲོང་ཚོའི་ཁོར་ཡུག་འཕྲོད་བསྟེན་དང་བླངས་པའི་དཔུང་ཁག་དང་། ཐ་མག་ཚོད་འཛིན་དང་བླངས་པའི་དཔུང་ཁག གད་སྙིགས་རིགས་དབྱེ་དང་བླངས་པའི་དཔུང་ཁག་སོགས་འཛུགས་རྒྱུ་འཚོལ་ཞིབ་བྱས་ཤིང་། གྲོང་གསེབ་ཀྱི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་དང་ཞིང་འབྲོག་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལས་དོན་ཟུང་འབྲེལ་བྱས་པ་བརྒྱུད་སྐྱོན་བྲལ་གྲོང་གསེབ་ཀྱི་ཁོར་ཡུག་ལེགས་སུ་བཏང་ཡོད།