བོད་ཀྱི་ཁ་ཆེ་ཤ་སྐམ་ཕྱི་རྒྱལ་དུ་ཐོག་མར་བཏང་བ།
བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་བྲང་ལྗོངས་གྲོང་ཚོར་གནས་པའི་ཉིང་ཁྲི་ཐེན་ཝང་ཞིང་འབྲོག་ཐོན་རྫས་ཚད་ཡོད་ཀུང་སིའི་ཁ་ཆེ་ཤ་སྐམ་ཕྱིར་གཏོང་འདེབས་འཛུགས་རྟེན་གཞིར་སླེབས་སྐབས། མེ་ཏོག་འཇོག་སྒྲོམ་ཐོག་ཁ་ཆེ་ཤ་སྐམ་བཏབ་པའི་ཁོག་མས་ཁེངས་པ་དང་དེ་དག་སྐྱེ་ཚུལ་ཡང་ཡག་པོ་ཡོད་པ་མཐོང་བྱུང་།
ཉེ་ཆར། ཁེ་ལས་དེའི་རིན་ཐང་སྒོར་ཁྲི་25.64རི་བའི་ཁ་ཆེ་ཤ་སྐམ་སྟོང་ཁེ་2ལྷ་ས་འགག་སྒོ་ལས་ཁུངས་ཁོངས་གཏོགས་ཀྱི་ཉིང་ཁྲི་འགག་སྒོ་ལས་ཁུངས་ཀྱི་ཞིབ་བཤེར་ནད་ཡམས་བརྟག་ཞིབ་ཚད་ལོན་ནས་ཁ་ན་ཏར་བདེ་བླག་ངང་ཕྱིར་གཏོང་བྱས་པ་དེས་བོད་ཀྱི་ཁ་ཆེ་ཤ་སྐམ་ཐོག་མར་ཕྱི་རྒྱལ་དུ་གཏོང་འགོ་ཚུགས་པ་མཚོན་ཡོད།
ཀུང་སི་དེས་ཕྱིར་གཏོང་བྱེད་འདོད་ཡོད་པ་ཤེས་རྗེས། ལྷ་ས་འགག་སྒོ་ལས་ཁུངས་ཁོངས་གཏོགས་ཀྱི་ཉིང་ཁྲི་འགག་སྒོ་ལས་ཁུངས་དང་སྲོག་ཆགས་དང་རྩི་ཤིང་ནད་བཤེར་སྡེ་ཚན་གྱིས་ཁེ་ལས་རོགས་སྐྱོར་ཚོགས་ཆུང་བཙུགས་ནས། ནད་དང་གནོད་འབུ་འགོག་བཅོས་ནས་ཁུངས་འདེད་དོ་དམ་སོགས་རང་བཤེར་རང་འདོམས་མ་ལག་བཙུགས་པའི་བར་དང་། དབྱེ་གསེས་དང་། སྲོ་སྐམ། ཐུམ་སྒྲིལ་བཅས་ནས་ཕྱིར་གཏོང་སོགས་ཐོན་སྐྱེད་ལྷུ་ཚིགས་ཀྱི་དོ་དམ་བར། གཏོགས་ཁོངས་ཀྱི་ཞིབ་བཤེར་རེ་ཞུ་དང་ལ་ཏིང་རིག་གཞུང་གི་ཐ་སྙད་གཏན་འཁེལ་བྱེད་པ་ནས་རྩི་ཤིང་གི་ནད་བཤེར་དཔང་ཡིག་སྤྲོད་པའི་བར་སོགས་ཀྱི་ཐད། འགག་སྒོ་ལས་ཁུངས་ཀྱི་ལས་དོན་པས་ཁེ་ལས་ལ་བརྒྱུད་རིམ་ཧྲིལ་པོར་མཛུབ་ཁྲིད་ཞིབ་ཚགས་བྱས་ཏེ་བོད་ཀྱི་ཁ་ཆེ་ཤ་སྐམ་ཐོག་མར་ཕྱིར་གཏོང་བྱེད་རོགས་བྱས་ཡོད།
“བོད་ཀྱི་ས་བབ་མཐོ་བ་དང་། དྲོད་ཚད་ཀྱི་ཁྱད་པར་ཆེ་བ། ཉི་མ་འཕྲོ་ཤུགས་ཆེ་བ་བཅས་ཀྱི་དམིགས་བསལ་གྱི་སྐྱེ་འཚར་ཁོར་ཡུག་ལས་ཁ་ཆེ་ཤ་སྐམ་སྐྱེ་འཚར་བྱ་རྒྱུར་ཐུན་མོང་མ་ཡིན་པའི་ཆ་རྐྱེན་སྐྲུན་ཡོད། དེའི་སྤུས་ཚད་ལ་ཕྱི་རྒྱལ་གྱི་འཛད་སྤྱོད་པའི་ཁས་ལེན་ཆེན་པོ་ཐོབ་པས་ཁ་ཆེ་ཤ་སྐམ་ཕྱིར་གཏོང་གི་མདུན་ལམ་ལ་ཡིད་ཆེས་ཀྱིས་ཁེངས་སོང”ཞེས་ཀུང་སིའི་འགན་འཁུར་བ་ཁྲེན་པིན་ཞུང་གིས་སྤོབས་པ་ཆེན་པོས་བཤད།