དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ཀྱི་རིག་གནས་དང་ཡུལ་སྐོར་ཁྲོམ་རར་གསོན་ཤུགས་རབ་ཏུ་རྒྱས་པ།

    ལྔ་པའི་ཚེས་ལྔའི་དུས་ཆེན་དང“དྲུག་གཅིག”མཉམ་དུ་འཁེལ་བས་དུས་ཆེན་གྱི་རྣམ་པ་ཟབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-04

    ཉེ་བའི་ལོ་ཤས་རིང་། འཚོ་བ་སྐྱེལ་སྟངས་ཉིན་རེ་བཞིན་སྣ་མང་ཅན་དུ་འགྱུར་བ་དང་བསྟུན་ནས་ལོ་གཅིག་དུས་གཅིག་གི་ལྔ་པའི་ཚེས་ལྔའི་དུས་ཆེན་དེ་སྲོལ་རྒྱུན་གྱི་དམངས་སྲོལ་དུས་ཆེན་ནས་ཀུན་གྱིས་དོ་སྣང་བྱེད་པའི་རིག་གནས་དང་ཡུལ་སྐོར་གྱི་མཚོན་རྟགས་སུ་འགྱུར་བཞིན་ཡོད། ད་ལོ་ལྔ་པའི་ཚེས་ལྔའི་དུས་ཆེན་དང“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་དུས་མཉམ་དུ་འཁེལ་བས་དམངས་སྲོལ་དུས་ཆེན་དང་། བྱིས་པའི་དུས་ཆེན། བོད་དུ་ཡུལ་སྐོར་བྱེད་པ་སོགས་ཀྱི་འགྲུལ་རྒྱུན་མང་བས། རང་ལྗོངས་ཀྱི་རིག་གནས་དང་ཡུལ་སྐོར་ཁྲོམ་རར་དུས་ཆེན་གྱི་རྣམ་པ་ཟབ་མོ་ཡོད་པ་རེད།

    གྲུ་ཤན་འབྲུག་མགོ་མའི་འགྲན་བསྡུར་ནི་གནའ་སྔ་མོ་ནས་བཟུང་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་དམངས་སྲོལ་བྱེད་སྒོ་གཙོ་བོ་ཞིག་ཡིན་པ་དང་། 2011ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཡོད། 2024ལོའི་ལྔ་པའི་ཚེས་ལྔའི་དུས་ཆེན་རིང་རང་ལྗོངས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་སྐྱིད་ཆུའི་ངོགས་ཀྱི་གཙང་འགྲམ་སྤྱི་གླིང་དུ་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ཀོ་གྲུའི(གྲུ་ཤན་འབྲུག་མགོ་མ)འགྲན་བསྡུར་ཐེངས་དང་པོ་བྱས་པ་རེད།

    ད་ལོ་འགྲན་བསྡུར་མུ་མཐུད་གཉེར་བ་མ་ཟད། འཛམ་གླིང་ཟིན་ཐོ་ཁས་ལེན་སྒྲིག་གཞིས(WRCA)“འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་གྲུ་ཤན་འབྲུག་མགོ་མའི་འགྲན་བསྡུར”ལ་དངོས་སུ་ཁས་ལེན་དཔང་འདོན་བྱས་པ་ལས། མི་དེ་བས་མང་བས་ས་མཐོའི་ཁྱད་ཆོས་ཟབ་མོ་ལྡན་པའི་དམངས་སྲོལ་གྱི་ཉམས་ལེན་ཐུབ་པར་བྱས་ཡོད།

    ཟླ་6ཚེས་2ཉིན་ལྷ་ས་གྲོང་ཁྱེར་གཙང་འགྲམ་སྤྱི་གླིང་དུ་ལྷ་ས་སྐྱིད་ཆུའི་ཀོ་གྲུའི(གྲུ་ཤན་འབྲུག་མགོ་མ)འགྲན་བསྡུར་མཇུག་འགྲིལ་ཟིན་མོད། འོན་ཀྱང་དེ་གར་སྤྲོ་འཆམ་བྱེད་མཁན་གྲོང་མི་དང་ཡུལ་སྐོར་བ་སྔར་བཞིན་མང་པོ་ཡོད། ལྷ་སའི་གྲོང་མི་ཕུན་ཚོགས་དོན་གྲུབ་ཀྱིས་ཞོགས་སྔ་པོ་ནས་གླིང་ཁ་གཏོང་ཆས་ཆ་ཚང་ཞིག་ཁྱེར་ནས་སྤང་ཐང་དུ་བཀྲམ་པ་དང་དེ་ནས་ནང་མི་དང་མཉམ་དུ་བྱ་འཕུར་གློད་བཞིན་ཡོད། ཁོང་གིས་གསར་འགོད་པར“གཙང་འགྲམ་སྤྱི་གླིང་གི་སྔོ་འགྱུར་དང་ལུས་རྩལ་སྒྲིག་བཀོད་ཚང་མ་ཧ་ཅང་ཡག་པོ་འདུག འདི་གར་བྱིས་པ་ཚོས་དགའ་པོ་བྱེད་པའི་བཤུད་སྐས་ཡོད་ལ་རྒན་རྒོན་ཚོ་ལུས་སྦྱོང་བྱེད་པར་མཁོ་བའི་སྒྲིག་ཆས་སྣ་ཚོགས་ཀྱང་ཡོད། ཀོ་གྲུའི(གྲུ་ཤན་འབྲུག་མགོ་མ)འགྲན་བསྡུར་ལ་བལྟས་པ་ཡིན། དངོས་གནས་འཁྲུག་ཆ་དོད་པོ་འདུག”ཅེས་བཤད།

    རྒྱུན་དུ་ལྷ་སར་སྡོད་པའི་ཕུན་ཚོགས་དོན་གྲུབ་ཀྱིས་ལོ་གཉིས་རིང་གི་འགྱུར་ལྡོག་གསལ་པོར་ཚོར་ཞིང་། ཁོང་གིས་སྔོན་ཆད་བརྙན་འཕྲིན་ནས་གྲུ་ཤན་འབྲུག་མགོ་མའི་འགྲན་བསྡུར་ལྟ་མྱོང་ཡོད། ད་ཆ་ཡུལ་དངོས་སུ་བདམས་ཐོན་པ་རྣམས་ཀྱིས་གྲུ་སྐྱ་བརྒྱབ་ནས་གྲུ་ཤན་འབྲུག་མགོ་མ་དང་ཀོ་གྲུ་ལྷ་སའི་སྐྱིད་ཆུར་རླབས་གཤགས་མདུན་སྐྱོད་བྱེད་པ་མཐོང་སྐབས། ལྔ་པའི་ཚེས་ལྔའི་དུས་ཆེན་སོགས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་གྱི་ཡིད་དབང་འཕྲོག་ཤུགས་ཟབ་མོ་ཚོར་བ་མ་ཟད། ལོ་ཤས་རིང་བོད་དུ་ཡུལ་སྐོར་བ་མང་དུ་ཕྱིན་ནས་དུས་ཆེན་གྱི་རྣམ་པ་སྔར་བས་ཟབ་ཏུ་ཕྱིན་པ་ཡང་ཚོར་བྱུང་ཞེས་བཤད།

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སུ་ལས་ཀ་བྱེད་པའི་ཨ་ཅག་ཕུར་སྐྱིད་ཀྱིས་དུས་ཆེན་གྱི་གུང་གསེང་ཉིན་མོ་མཇུག་ཤོས་དེར་མཁའ་ལྡིང་རོང་དུ་ཡུལ་སྐོར་ལ་བསྐྱོད། མཁའ་ལྡིང་རོང་མཛེས་ལྗོངས་ཁུལ་དུ་རི་མཐོའི་རྦབ་ཆུ་དྲག་ཏུ་བབས་ནས་བརྗིད་ཉམས་ལྡན་པ་ཞིག་ཡོད། ཁོང་གིས“མཁའ་ལྡིང་རོང་གི་རྦབ་ཆུ་དང་ཆུ་ཕྲན་ཧ་ཅང་མཛེས་པོ་འདུག ཕྱིས་སུ་ཁོམ་པ་བྱུང་མ་ཐག་བོད་ཀྱི་མཛེས་ལྗོངས་ལ་མང་ཙམ་ལྟ་བར་འགྲོ་གི་ཡིན”ཞེས་བཤད།

    གུང་གསེང་རིང་རང་ལྗོངས་ཀྱི་རྟེན་མཛོད་ཁང་མང་པོ་ཞིག་གིས་ཁྱད་ལྡན་འགྲེམས་སྟོན་དང་འཁྲུག་ཆ་དོད་པའི་བྱེད་སྒོ་རབ་དང་རིམ་པ་ཇུས་འགོད་ཞིབ་ཚགས་བྱས་པར་གྲོང་མི་དང་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།

    ཟླ་6ཚེས་1ཉིན་བོད་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་རྟེན་མཛོད་ཁང་གིས“མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན། རིག་གནས་མཉམ་འདྲེས”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཞིང་། “དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་ཆེད་མངགས་སྤེལ་བའི་བྱེད་སྒོའི་གྲས་ཀྱི་ངོས་ནས་ཐང་ག་འབྲི་སྟངས་ཉམས་ལེན་བྱ་རྒྱུ་བརྗོད་དོན་གཙོ་བོར་བྱས་ཏེ། བྱིས་པ་དང་ཁྱིམ་བདག་ཚོས་མཉམ་དུ་བོད་ཀྱི་སྲོལ་རྒྱུན་ཐང་གའི་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།