རིག་གནས་ཐོན་རྫས་ཁྲི་བཅུ་གཉིས་ལྷག་ཙམ་དང་རིག་གནས་ཐོན་ལས་ཀྱི་མ་འཇོག་དང་མ་དངུལ་བསྡུ་རུབ་རྣམ་གྲངས་བཞི་སྟོང་ལྷག་ཙམ་འགྲེམས་ཚོགས་ལ་ཞུགས་པ།
རིག་རྫས་འགྲེམས་ཚོགས་སྐབས་ཉེར་གཅིག་པས་རིག་གནས་དང་ཚན་རྩལ་གྱི་མཉམ་འདྲེས་ལ་དམིགས་པ།
ཉེ་ཆར། དུས་ཡུན་ཉིན་5ཡི་ཀྲུང་གོ(ཧྲེན་ཀྲེན)རྒྱལ་སྤྱིའི་རིག་གནས་ཐོན་རྫས་འགྲེམས་ཚོགས་སྐབས་ཉེར་གཅིག་པ(གཤམ་དུ“རིག་རྫས་འགྲེམས་ཚོགས”ཞེས་བསྡུ་རྒྱུ)ཀོང་ཏུང་ཧྲེན་ཀྲེན་དུ་མཇུག་འགྲིལ་བ་རེད། སྐབས་འདིའི་རིག་རྫས་འགྲེམས་ཚོགས་ཀྱིས“གསར་གཏོད་ལ་བརྟེན་ནས་དར་སྲོལ་ལ་སྣེ་ཁྲིད་བྱེད། བློ་གསར་ལ་བརྟེན་ནས་འཚོ་བ་ལ་བཀྲག་མདངས་སྣོན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་འགྲེམས་ཚོགས་དང་ཉོ་ཚོང་གི་ནུས་པ་འབུར་དུ་ཐོན་པར་བྱས་ནས། རྒྱལ་སྤྱི་ཅན་དང་། ཁྲོམ་ར་ཅན། ཆེད་ལས་ཅན། གྲངས་འཛིན་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།
སྐབས་འདིའི་རིག་རྫས་འགྲེམས་ཚོགས་སུ་སྲིད་གཞུང་གི་ཚོགས་པ་དང་། རིག་གནས་སྒྲིག་གཞི། ཁེ་ལས་ཁྱོན་6280དྲ་ཐོག་དང་དྲ་ཕྱི་བརྒྱུད་འགྲེམས་ཚོགས་སུ་ཞུགས་པ་དེ་སྐབས་གོང་མ་ལས་265མང་དུ་ཕྱིན་པ་དང་། གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་65དང་ཕྱི་རྒྱལ་གྱི་འགྲེམས་སྟོན་ཚོང་དུད་305ཡིས་དྲ་ཐོག་དང་དྲ་ཕྱི་བརྒྱུད་འགྲེམས་ཚོགས་སུ་ཞུགས་པ། འགྲེམས་ཚོགས་ཐོག་རིག་གནས་ཐོན་རྫས་ཁྲི་12ལྷག་ཙམ་འགྲེམས་སྟོན་བྱས་པ་དང་རིག་གནས་ཐོན་ལས་ཀྱི་མ་འཇོག་དང་མ་དངུལ་བསྡུ་རུབ་རྣམ་གྲངས་4000ལྷག་ཙམ་འགྲེམས་སྟོན་དང་ཉོ་ཚོང་ལ་ཞུགས་ཡོད།
ཚན་རྩལ་གྱིས་རིག་གནས་ལ་མཐུན་རྐྱེན་སྦྱར། AIཡིས་ལས་རྣམ་གསར་པར་རོགས་རམ་བྱས།
རིག་རྫས་འགྲེམས་ཚོགས་སྒྲིག་འཛུགས་ཨུ་ལྷན་གཞུང་ལས་ཁང་གི་ཀྲུའུ་རེན་དང་ཧྲེན་ཀྲེན་གྲོང་ཁྱེར་རིག་གནས་རླུང་འཕྲིན་བརྙན་འཕྲིན་ཡུལ་སྐོར་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ལིའུ་ལེ་ཡིས།“རིག་གནས་དང་ཚན་རྩལ་མཉམ་འདྲེས་ཀྱི་ལམ་སྲོལ་འཚོལ་ཞིབ་ཡག་པོ་བྱེད་པར་དམིགས་ཏེ། མིས་བཟོས་རིག་ནུས་འགྲེམས་ཁུལ་ཐོག་མར་བཙུགས་ནས་འགྲེམས་ཚོགས་ཀྱི་ཕན་འབྲས་སྔར་བས་ཆེ་རུ་བཏང་ཡོད”ཅེས་དང་། AIཉེར་སྤྱོད་རྣམ་པ་ཡོངས་མངོན་དང་AIཚན་རྩལ་འཁྲབ་སྟོན་སོགས་ཀྱི་བྱེད་ཐབས་བརྒྱུད། AIདེ་ཉིད་རིག་རྫས་འགྲེམས་ཚོགས་ཀྱི་གསར་གཏོད་ཀྱི་བཀྲག་མདངས་འཚེར་ས་དང་མིག་གི་ལོངས་སྤྱོད་ཅིག་ཏུ་གྱུར་ཡོད་ཅེས་བརྗོད།
སྐབས་འདིའི་རིག་རྫས་འགྲེམས་ཚོགས་ཐོག་སྐུ་མགྲོན་གྱིས་གཏམ་བཤད་སྤེལ་སྐབས་འགྲམ་གྱི་འཆར་ཤེལ་ནས་ཡིག་རིགས་གཉིས་དུས་ཐོག་ཏུ་འཆར་བ་ནི་ཧྲེན་ཀྲེན་ཧྲེ་ཁུང་ཧུའུ་ལག་རྩལ་ཚད་ཡོད་ཀུང་སིས་ཞིབ་འཇུག་གསར་སྤེལ་བྱས་པའི་AIམཉམ་སྒྲོག་སྒྲིག་ཆས་ལས་གྲུབ་པ་ཞིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། སྒྲིག་ཆས་དེས་སྐད་ཡིག་40ཡི་སྐད་གདངས་རིགས་93སྒྲོག་བརྗོད་ཤེས་པ་དང་ཡིག་སྒྱུར་ཡང་དག་ཚད་95%ཟིན་གྱི་ཡོད། འགྲེམས་ཚོགས་སུ་ཞུགས་པའི་ཚོང་པ་མི་ཉུང་བས་ཚན་རྩལ་གྱི་འདུས་ཚད་མཐོ་བའི་ཞབས་འདེགས་ཞུ་ཐབས་དེ་རིགས་དུས་ཐོག་དང་ཕན་ནུས་ཆེན་པོ་འདུག་ཅེས་བརྗོད།
སྐབས་འདིའི་རིག་རྫས་དངོས་མང་སྟོན་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་རིག་གནས་ཁེ་ལས་སྟོབས་ཆེན་30སོགས་སྐད་གྲགས་ཆེ་བའི་རིག་གནས་ཁེ་ལས་དང་། དེ་བཞིན་རྒྱལ་ནང་དང་རྒྱལ་སྤྱིའི་མགོ་གནས་སྤུས་རྟགས་ཁེ་ལས་300ཙམ་གྱི་ཡིད་དབང་བཀུག་པའི་ནང་ཁེ་ལས་60ལྷག་ཙམ་ནི་རིག་རྫས་འགྲེམས་ཚོགས་ལ་ཞུགས་ཐེངས་དང་པོ་ཡིན་པ་རེད། རིག་གནས་ཐོན་ལས་ཀྱི“རྩེ་རིམ”ཁེ་ལས་མང་པོས་རིག་རྫས་འགྲེམས་ཚོགས་སུ་མཉམ་དུ་འཛོམས་ནས་ཐོན་རྫས་གསར་པའི་ཡོངས་བསྒྲགས་ཚོགས་འདུ་ཐེངས་120ལྷག་ཙམ་འཚོགས་ཡོད་པ་རེད།
སྐབས་འདིའི་རིག་རྫས་འགྲེམས་ཚོགས་རྒྱལ་སྤྱི་ཅན་དུ་འགྱུར་ཚད་སྔར་བས་མཐོ་རུ་ཕྱིན་ཞིང་། རྒྱལ་ཁབ་དང་ས་ཁུལ་110ནས་ཡོང་བའི་ཕྱི་རྒྱལ་གྱི་ཆེད་ལས་ལྟད་མོ་བ་ཁྲི་3.5ལྷག་ཙམ་དྲ་ཐོག་དང་དྲ་ཕྱི་བརྒྱུད་རིག་རྫས་འགྲེམས་ཚོགས་སུ་ཞུགས་ཡོད། དེ་དང་ཆབས་ཅིག “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་མཁན་རྒྱལ་ཁབ་རིག་རྫས་འགྲེམས་ཚོགས་སུ་ཞུགས་གྲངས་དང་། གོ་ལ་ཧྲིལ་པོའི་མཉམ་ལས་སྒྲིག་གཞི། འགྲེམས་ཞུགས་ཐོན་རྫས་ཀྱི་རིགས་སྣ་བཅས་ཚང་མ་མཐོ་ཚད་གསར་པར་སླེབས་ཏེ། འགྲེམས་ཚོགས་ཀྱི“གྲོགས་ཚོམས”རྒྱུན་ཆད་མེད་པར་ཆེ་རུ་སོང་ཡོད།
དུས་ཡུན་ཉིན་གཉིས་རིང་གི་ཚོང་འགུགས་ཚོགས་འདུར་ས་གནས་ས་ཐོག་ཏུ་གན་རྒྱ་བཞག་པའི་རྣམ་གྲངས་41ཟིན་པ་དང་ཚོང་འགྲིག་བསྡོམས་འབོར་གྱི་མཐོ་ཚད་གསར་པ་སླར་ཡང་བཏོད་ཡོད།