ལོ་རྒྱུས་སྙན་དབྱངས་ཞབས་བྲོ་གསར་པ《བསྟར་བསྒྲིགས་ཅོང་དྲིལ》 ཧྥ་རན་སེར་ཐོག་མར་འཁྲབ་པ།
ཉེ་ཆར། ཧུའུ་པེ་ཞིང་ཆེན་གླུ་བྲོ་ཟློས་གར་ཁང་གིས་གསར་རྩོམ་ནང་སྦྱོང་དང་འཁྲབ་སྟོན་བྱས་པའི་ལོ་རྒྱུས་སྙན་དབྱངས་ཞབས་བྲོ་གསར་པ《བསྟར་བསྒྲིགས་ཅོང་དྲིལ》ཧྥ་རན་སེར་ཐོག་མར་འཁྲབ་སྟོན་བྱས་པ་རེད།
“འདི་ནི་དངོས་གནས་ཐོབ་པར་དཀའ་བའི་མྱོང་ཚོར་གསར་རྐྱང་ཞིག་རེད། ངས་བསྟར་བསྒྲིགས་ཅོང་དྲིལ་དང་བསྟར་བསྒྲིགས་གླིང་བུའི་སྒྲ་ཐོས་ཐེངས་དང་པོ་ཡིན། དངོས་གནས་དཔེ་མི་སྲིད་པའི་སྙན་པོ་འདུག”ཅེས་འཁྲབ་སྟོན་མཇུག་འགྲིལ་ནའང་ཧྥ་རན་སེའི་ལྟད་མོ་བ་སྨི་ཤེར་ད་དུང་ཡིད་མ་ཚིམ་པར་ཉན་འདོད་སྐྱེ་བཞིན་དུ་དེ་ལྟར་བརྗོད།
འཁྲབ་གཞུང་དེ་ནི་1983ལོར་ཐོག་མར་འཁྲབ་སྟོན་བྱས་ཚུན། རྒྱལ་ཁབ་ཕྱི་ནང་དུ་ཐེངས་ཆིག་སྟོང་ལྷག་འཁྲབ་ཅིང་། ཡུན་རིང་འཁྲབ་ཀྱང་ཉམས་པ་མེད་པའི་འཁྲབ་གཞུང་རྩེ་གྲ་ཞིག་ཏུ་གྱུར་ཡོད། ད་རེས་ཀྱི་འཁྲབ་སྟོན་ནི་ཞབས་བྲོ《བསྟར་བསྒྲིགས་ཅོང་དྲིལ》སྒྲིག་བཟོ་ནང་སྦྱོང་གསར་རྐྱང་ཞིག་བྱས་རྗེས་ཧྥ་རན་སེར་འཁྲབ་ཐེངས་དང་པོ་ཡིན་པ་དང་དེ་རྗེས་འཇར་མན་དུ་བསྐྱོད་ནས་མུ་མཐུད་སྐོར་སྐྱོད་འཁྲབ་སྟོན་བྱ་རྒྱུ་རེད།
ཧྥ་རན་སེའི་ལྟད་མོ་བས་འཁྲབ་གཞུང་གི་ནང་དོན་དང་དེའི་རྒྱབ་ཀྱི་རིག་གནས་ཀྱི་དོན་སྙིང་ཟབ་མོར་སྔར་བས་རྒྱུས་ལོན་ཡོང་བར་རོགས་རམ་བྱ་ཆེད། ད་རེས་འཁྲབ་སྟོན་བྱེད་སྐབས་ཟློས་གར་ཁང་གི་སྒོ་ཁར་རྩ་གཉིས་ཨང་རྟགས་བཞག་ཡོད་པ་དང་། ལྟད་མོ་བས་ཨང་རྟཌ་བཤེར་རྗེས་རོལ་ཆའི་པར་རིས་གསལ་འགྲེལ་དང་ཟློས་གར་གྱི་ནང་དོན་ངོ་སྤྲོད་སོགས་ཚུད་པའི་བརྒྱུད་ལམ་སྣེ་མང་སྨྱན་སྦྱོར་གྱི་གློག་རྡུལ་ལག་དེབ་ཤོག་ལྷེ་50ལྷག་ཙམ་བྱས་པ་ཞིག་ལེན་ཆོག་གི་ཡོད་པ་རེད།