བོད་ཀྱི་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་ཆེད་དོན་མ་འཇོག་འོས་སྦྱོར་བྱེད་སྒོ་ནན་ཅིང་དུ་སྤེལ་བ།
ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་ཆེད་དོན་མ་འཇོག་འོས་སྦྱོར་གྱི་རིམ་སྤེལ་བྱེད་སྒོ་ནན་ཅིང་དུ་སྤེལ་ཞིང་། ས་གནས་ས་ཐོག་ཏུ་རྣམ་གྲངས་ཁག་9ལ་གན་རྒྱ་བཞག་པ་དང་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་39.28ཟིན་ཞིང་། ལྗང་མདོག་བཟོ་ལས་དང་། བོད་ཀྱི་གསོ་བ་རིག་པའི་ཐོན་ལས། རིག་གནས་དང་ཡུལ་སྐོར་ཐོན་ལས། མཐོ་གསར་གྲངས་འཛིན་ཐོན་ལས་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་ཀྱི་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་ཆེད་དོན་མ་འཇོག་འོས་སྦྱོར་ཚོགས་འདུའི་ཐོག་རང་ལྗོངས་ཀྱི་མ་འཇོག་སྐུལ་སྤེལ་སྡེ་ཚན་དང་། ལས་རིགས་གཙོ་གཉེར་སྡེ་ཚན། གླིང་ཁུལ་གྱི་འཐུས་མི། དངུལ་རྩའི་སྒྲིག་གཞི་བཅས་ཀྱིས་མ་འཇོག་གི་ཁོར་ཡུག་དང་། གོ་སྐབས་དང་དེ་བཞིན་སྲིད་ཇུས། ལྗང་མདོག་བཟོ་ལས་དང་དེ་བཞིན་མཐོ་གསར་གྲངས་འཛིན་དཔལ་འབྱོར་ཐོན་ལས་ཀྱི་མ་འཇོག བོད་ཀྱི་གསོ་བ་རིག་པའི་ཐོན་ལས་ཀྱི་མ་འཇོག་སོགས་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་ཁེ་ལས་120ཚོགས་འདུར་ཞུགས་ཡོད་པ་རེད།
“འོས་སྦྱོར་བྱེད་སྒོ་སྤེལ་བ་བརྒྱུད། གྲངས་འཛིན་དང་མཐོ་གསར་ལག་རྩལ་ཁྱབ་ཁོངས་ཀྱི་ཅང་སུའུ་ཡི་ཁེ་ལས་དེ་བས་མང་བ་བོད་དུ་མ་འཇོག་ལས་དར་ལ་ཡོང་རྒྱུའི་རེ་བ་ཡོད”ཅེས་བོད་རང་སྐྱོང་ལྗོངས་མ་འཇོག་སྐུལ་སྤེལ་ཅུས་ཏང་ཙུའི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ཚེ་བརྟན་དགེ་ལེགས་ཀྱིས་བཤད་པ་རེད།