རང་ལྗོངས་ཀྱིས་རིམ་པ་དང་རིགས་དབྱེ་ནས་རྒན་གསོའི་ཞབས་ཞུའི་ཁ་གསབ་ལམ་ལུགས་ལག་ལེན་གཏིང་ཟབ་བསྟར་བ།
ལས་ཁུངས་ཁག་གི་རྒན་གསོའི་ཞབས་ཞུ་མཁོ་སྤྲོད་ཀྱི་ནུས་པ་ནུས་ཤུགས་ཡོད་རྒུས་ལེགས་སུ་གཏོང་བ།
ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། དམིགས་བསལ་ཚོགས་སྤྱིའི་རྒན་རྒོན་གྱི་གཞི་རྩའི་རྒན་གསོའི་ཞབས་ཞུའི་དགོས་མཁོ་སྐོང་ཆེད། རང་སྐྱོང་ལྗོངས་དམངས་སྲིད་ཐིང་དང་ནོར་སྲིད་ཐིང་གིས་རིམ་པ་དང་རིགས་དབྱེ་ནས་རྒན་གསོའི་ཞབས་ཞུའི་ཁ་གསབ་ལམ་ལུགས་ལག་ལེན་གཏིང་ཟབ་བསྟར་ཏེ་རང་ལྗོངས་ཀྱི་རྒན་གསོའི་ཞབས་ཞུའི་ལས་ཁུངས་ཀྱི་ཞབས་ཞུའི་ནུས་པ་དང་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ལེགས་སུ་ཏན་ཏིག་བཏང་ནས་དམིགས་བསལ་ཚོགས་སྤྱིའི་རྒན་རྒོན་དང་དེའི་ཁྱིམ་ཚང་གི་དཔལ་འབྱོར་ཁུར་པོ་ནུས་ཤུགས་ཡོད་རྒུས་ཡང་དུ་བཏང་ཡོད།
རྒན་གསོའི་ཞབས་ཞུའི་ལས་ཁུངས་ཀྱི་སྐར་མ་རིམ་པའི་ཞིབ་དཔྱད་གཏན་འཁེལ་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། རང་སྐྱོང་ལྗོངས་དམངས་སྲིད་ཐིང་དང་ནོར་སྲིད་ཐིང་གིས་ལྗོངས་ཡོངས་ཀྱི་རྒན་གསོའི་ཞབས་ཞུའི་ལས་ཁུངས་ཀྱི་སྐར་མ་རིམ་པའི་ཞིབ་དཔྱད་གཏན་འཁེལ་ལས་དོན་ལག་ལེན་གཏིང་ཟབ་བསྟར་ཡོད། སྐར་མ་རིམ་པ་ལྔ་པའི་རྒན་གསོའི་ཞབས་ཞུའི་ལས་ཁུངས་ལ་ཞིབ་དཔྱད་གཏན་འཁེལ་བྱས་པར་ལོ་ལྟར་ཁ་གསབ་སྒོར་ཁྲི་15སྤྲོད་རྒྱུ་དང་། སྐར་མ་རིམ་པ་བཞི་པའི་རྒན་གསོའི་ཞབས་ཞུའི་ལས་ཁུངས་ལ་ཞིབ་དཔྱད་གཏན་འཁེལ་བྱས་པར་ལོ་ལྟར་ཁ་གསབ་སྒོར་ཁྲི་10སྤྲོད་རྒྱུ། སྐར་མ་རིམ་པ་གསུམ་པའི་རྒན་གསོའི་ཞབས་ཞུའི་ལས་ཁུངས་ལ་ཞིབ་དཔྱད་གཏན་འཁེལ་བྱས་པར་ལོ་ལྟར་ཁ་གསབ་སྒོར་ཁྲི་5སྤྲོད་རྒྱུ་བཅས་རེད། “བྱེད་ཐབས་དེ་ལག་བསྟར་བྱས་པའི་དམིགས་ཡུལ་ནི་སྤྱི་ཚོགས་སྟོབས་ཤུགས་ཀྱིས་ཕྱོགས་གང་སྤྱིའི་ཐད་ནས་རྒན་གསོའི་ཞབས་ཞུའི་ནང་ཞུགས་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ནས་ལས་ཁུངས་ཁག་གི་རྒན་གསོའི་ཞབས་ཞུ་མཁོ་སྤྲོད་ཀྱི་ནུས་པ་ནུས་ཤུགས་ཡོད་རྒུས་ལེགས་སུ་གཏོང་ཆེད་ཡིན”ཞེས་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་འབྲེལ་ཡོད་འགན་འཁུར་བས་བརྗོད།
གཞན་ཡང་རྒན་རྒོན་གྱི་ནུས་ཤུགས་ལ་དཔྱད་དཔོག་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། རང་ལྗོངས་ཀྱིས་རྒན་གསོའི་ཞབས་ཞུའི་ལས་ཁུངས་ཀྱི་རྒན་རྒོན་གྱི་ནུས་ཤུགས་ལ་དཔྱད་དཔོག་བྱེད་པའི་ལས་དོན་ལག་ལེན་གཏིང་ཟབ་བསྟར་ཡོད། ནུས་ཤུགས་ཡག་པོ་ལྡན་པ་དང་ནུས་ཤུགས་ཅུང་ཟད་ཤོར་བའི(ནུས་ཤོར)རིམ་པར་གཏན་འཁེལ་བྱས་རིགས་ལ་མི་རེར་ཟླ་རེར་ཁ་གསབ་སྒོར་200སྤྲོད་རྒྱུ་དང་། ནུས་ཤུགས་ཤོར་ནུས་འབྲིང་བའི(ནུས་ཤོར་འབྲིང་བ)རིམ་པར་གཏན་འཁེལ་བྱས་རིགས་ལ་མི་རེར་ཟླ་རེར་ཁ་གསབ་སྒོར་300སྤྲོད་རྒྱུ། ནུས་ཤུགས་ཚབས་ཆེན་ཤོར་བ(ནུས་ཤོར་ཚབས་ཆེན)དང་ནུས་ཤུགས་རྦད་དེ་ཤོར་བའི(རྦད་དེ་ནུས་ཤོར)རིམ་པར་གཏན་འཁེལ་བྱས་རིགས་ལ་མི་རེར་ཟླ་རེར་ཁ་གསབ་སྒོར་500སྤྲོད་རྒྱུ་བཅས་རེད། རིགས་དབྱེའི་ཁ་གསབ་ལམ་ལུགས་ལས་ཐེམ་ཁུངས་བོད་ནས་ཡིན་པའི་ཧྲིལ་ལོ་60དང་དེ་ཡན་གྱི་ཁ་ཐོར་བསྙེན་བཀུར་གྱི་དམིགས་བསལ་དཀའ་ངལ་ཡོད་པ་དང་། དབང་པོ་སྐྱོན་ཅན། མ་མཐའི་འཚོ་བའི་འགན་ལེན། འཆར་ལྡན་བུ་བཙའི་དམིགས་བསལ་ཁྱིམ་ཚང་། གཙོ་གནད་གཟིགས་སྐྱོང་བྱ་ཡུལ། གྲོང་གསེབ་ཀྱི་གཞིས་སྲུང་སོགས་དམིགས་བསལ་ཚོགས་སྤྱིའི་རྒན་རྒོན་ཚང་མར་ཕན་པ་ཐོབ་རྒྱུ་རེད།