དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • འཛམ་གླིང་ཡང་རྩེའི་ཚེ་སྲོག་གི་ངོ་མཚར།

    རྒྱལ་ཁབ་ཀྱི་ས་ཆའི་རྒྱ་ཁྱོན་36%ལྷག་ཙམ་སྲུང་སྐྱོང་ས་ཆའི་ཁོངས་སུ་བཅུག་པ་དང་། གསའ་དང་གཙོད་སོགས་རྩ་ཆེ་ཞིང་དཀོན་པའི་སྲོག་ཆགས་ཀྱི་ཁྱུ་ཚོགས་རིམ་བཞིན་མང་དུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཝང་ཅིང་། ཡུས་ཧྲུའུ་རན།   |     སྤེལ་དུས།  2025-06-02

    ལྷུན་གྲུབ་རྫོང་དུ་འཚོ་བའི་ཁྲུང་ཁྲུང་སྐེ་ནག

    གསའ།(ནག་ཆུ་གྲོང་ཁྱེར་ནགས་རྩྭ་ཅུས་ནས་མཁོ་འདོན་བྱས)

    གཙོད།

    འབྲོང་།

    གཙོད།

    རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན་པའི་བོད་ནི་འཛམ་གླིང་ཐོག་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་གྲས་ཤིག་རེད་ལ། ཐུན་མོང་མ་ཡིན་པའི་སྐྱེ་དངོས་ཐོན་ཁུངས་ལྡན་པས། འཛམ་གླིང་དུ་མཐོང་དཀོན་པའི“སྐྱེ་དངོས་ཀྱི་གཞི་རྒྱུའི་མཛོད”དང“རང་བྱུང་ཚན་རིག་གི་རྟེན་མཛོད་ཁང”ཞེས་བརྗོད་ཀྱང་ཆོག

    སྐྱེ་དངོས་སྣ་མང་ཕུན་སུམ་ཚོགས་པའི་རྨང་གཞི་བརྟན་པོ།

    ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་གཡུ་མཆོག་ཤང་སྨྱུག་གཞུང་གྲོང་ཚོ་དང་། ཁྲ་འདམ་ཤང་སོ་ལ་འོག་མ་གྲོང་ཚོ། ཁྲ་འདམ་ཤང་སོ་ཁང་ན་རྒྱ་གྲོང་ཚོ་བཅས་ནས་མི་ཚོས་གསའ་ཡི་གཟུགས་བརྙན་ཐོག་མར་མཐོང་ཡོད། གསའ་ནི“གངས་རིའི་རྒྱལ་པོ”ཞེས་གྲགས་པ་དང་། འཚོ་གནས་ཁོར་ཡུག་ཧ་ཅང་བཟང་པོ་དགོས་པས། གསའ་གང་དུ་འཚོ་གནས་ཐུབ་ན། ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་ཧ་ཅང་ཡག་པོ་ཡོད་པ་མཚོན་ཐུབ། ཧི་མ་ལ་ཡའི་རི་ཁུལ་དུ་གནས་པའི“སྦས་ལུང”མེ་ཏོག་ནས་མི་ཚོས་ཚེར་མེད་སྦྲང་ནོར་བུ་ཐོག་མར་མཐོང་ཞིང་། དེ་གར་དམིགས་བསལ་གྱི་གནམ་གཤིས་དང་ས་ཁམས་ཀྱི་ཆ་རྐྱེན་ཡོད་པས་སྐྱེ་དངོས་སྣ་མང་འཚོ་སྡོད་བྱ་རྒྱུར་འཚམ་ལ། སྐྱེ་དངོས་རིགས་གསར་པ་རྙེད་པ་ལས་མི་རྣམས་ཀྱིས་ཡུལ་ཁམས་དེའི་སྐྱེ་དངོས་སྣ་མང་རང་བཞིན་ལ་རིམ་བཞིན་རྒྱུས་མངའ་ལོན་ཡོད།

    ཉེ་བའི་ལོ་ཤས་རིང་། བོད་ནས་སྐྱེ་དངོས་རིགས་གསར་པ་རྙེད་པའི་གཏམ་བཟང་ཡང་ཡང་གྲགས་ཤིང་། མིག་སྔའི་བར། བོད་ཀྱིས་ཟིན་ཐོར་བཀོད་པའི་སྐམ་སའི་རི་སྐྱེས་སྒལ་རུས་སྲོག་ཆགས་རིགས་1072ཡོད་པ་དང་། སྦུ་གུ་ཆུན་པོའི་རྩི་ཤིང་སྣ་ཁ་7504ཟིན་ཞིང་། གཙོད་དང་། འབྲོང་། ཁྲུང་ཁྲུང་སྐེ་ནག གསའ་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་གནས་འདིར་ཅི་དགར་འཚོ་བཞིན་ཡོད། དེའི་ནང་། གཙོད་ཁྱུའི་གྲངས་འབོར་ཁྲི་30ལྷག་ཙམ་ཟིན་པ་དང་ཁྲུང་ཁྲུང་སྐེ་ནག་ཁྲི་1ལྷག་ཙམ་བར་འཕར་བ་མ་ཟད། དེ་སྔ་རྦད་དེ་སྟོངས་ཟིན་པར་བརྩིས་པའི་ཤྭ་བ་སེར་ཆེན་ཡང་ད་ཆ་མགོ་གྲངས་800ལྷག་ཙམ་ཟིན་ཡོད།

    གཞན་ཡང་། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་དང་དེ་བཞིན་འབྲེལ་ཡོད་ལས་རིགས་ཀྱི་བརྟག་དཔྱད་བྱས་པ་བརྒྱུད། མེ་ཏོག་རྫོང་ནས་བོད་དུ་མ་གཏོགས་མེད་པའི་སྐྱེ་དངོས་རིགས་གསར་པ་ཁག་གཅིག་རྙེད་པ་རེད། ལྷོ་ནུབ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀྲང་ཀྲི་ཧྲེང་གི་ཚོགས་པས་བོད་དུ་སྡོམ་རིགས་6རྙེད་པའི་ནང་རིགས་གསར་པ་5ཡོད་པ་རེད། དེ་དག་ལས་བོད་ཀྱི་སྡོམ་ཁྲའི་སྣ་མང་རང་བཞིན་གྱི་གྲངས་གཞི་མང་དུ་ཕྱིན་ནས་བོད་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་རྨང་གཞི་ཕུན་སུམ་ཚོགས་སུ་ཕྱིན་ཞིང་། གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཞིབ་འཇུག་ལ་དཔྱད་གཞི་རྩ་ཆེན་མཁོ་འདོན་ཐུབ་སྟེ་ས་ཁོངས་ཀྱི་ས་གཤིས་དང་། གནམ་གཤིས། སྐྱེ་དངོས་སྣ་མང་རང་བཞིན་བཅས་དབར་གྱི་མཉམ་འབྲེལ་འཕེལ་འགྱུར་འཚོལ་ཞིབ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།

    བོད་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་རྣམ་པ་གསར་པ་བཏོད་པ།

    སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པར་བོད་ཀྱིས་ཐོག་མཐའ་བར་གསུམ་དུ་བྱ་སྤྱོད་སྤེལ་བཞིན་ཡོད། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་ཆེད། བོད་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་རི་སྐྱེས་རྩི་ཤིང་སྲུང་སྐྱོང་བྱ་ཐབས》དང་། 《བོད་རང་སྐྱོང་ལྗོངས་ཀྱི་སྐམ་སའི་རི་སྐྱེས་སྲོག་ཆགས་ལས་སྤྱི་དམངས་ཀྱི་མི་ལུས་ལ་གནོད་འཚེ་བཏང་བ་དང་རྒྱུ་ནོར་གྱོང་གུན་བཟོས་པར་ཁ་གསབ་བྱ་ཐབས》《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་སྲོལ་ཡིག》《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》《བོད་རང་སྐྱོང་ལྗོངས་ཀྱི་འདམ་ར་སྲུང་སྐྱོང་སྲོལ་ཡིག》སོགས་ཁྲིམས་སྲོལ་ལ་བཟོ་བཅོས་བརྒྱབ་པ་མ་ཟད་དོན་འཁྱོལ་ནན་པོ་བྱས་ཏེ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་བེད་སྤྱོད་ལ་སྲ་ཞིང་བརྟན་པའི་བཅའ་ཁྲིམས་ཀྱི་འགན་སྲུང་བྱས་ཡོད།

    སྲུང་སྐྱོང་གི་ཁོར་ཡུག་དྲ་རྒྱ་འཛུགས་སྐྲུན་ཐད། བོད་ཀྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་ཁོར་ཡུག་དྲ་རྒྱ་ཟམ་མི་ཆད་པར་ལེགས་སུ་བཏང་ནས་རང་བྱུང་སྲུང་སྐྱོང་གནས་97བཙུགས་པར། སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་43.40ཟིན་ནས་རྒྱལ་ཁབ་ཀྱི་ས་ཆའི་རྒྱ་ཁྱོན་གྱི་36.08%བཟུང་ཞིང་། གཞི་རྩའི་ཆར་བཀོད་པ་ལུགས་མཐུན་དང་། སྣ་ཁ་ཆ་ཚང་བ། ཁྱབ་ཁྱོན་གནད་ལ་འཁེལ་བ་བཅས་ཀྱི་སྲུང་སྐྱོང་ཁོར་ཡུག་གི་བཀོད་པ་གསར་པ་ཞིག་ཆགས་ཡོད། རང་བྱུང་སྲུང་སྐྱོང་ཁུལ་དེ་དག་ནང་ནགས་ཚལ་དང་། རྩྭ་ཐང་། འདམ་ར། མྱ་ངམ་ཐང་སོགས་སྐྱེ་ཁམས་མ་ལག་སྣ་མང་ཚུད་དེ། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ལ་བདེ་འཇགས་ལྡན་པའི་འཚོ་སྡོད་ཁོར་ཡུག་ཅིག་བསྐྲུན་ཡོད། དཔེར་ན། བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་རིམ་བཞིན་མང་དུ་ཕྱིན་ནས་གཙོད་ཁྱུའི་གྲངས་འབོར་ཁྲི་15བར་མང་དུ་ཕྱིན་ཏེ་སྲུང་སྐྱོང་རིམ་པ་སྟོངས་ཉེ་ནས་སྟོངས་ཉེན་ཆེ་ཙམ་བར་ཆག་ལ། གསའ་དང་། གཉན། གནའ་བ། དབྱི་སོགས་རི་སྐྱེས་སྲོག་ཆགས་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་པ་རེད།

    གཞན་ཡང་། བོད་ཀྱིས་ད་དུང་ལྷོ་རི་བྱང་རིའི་སྔོ་འགྱུར་དང་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་འཁྱགས་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་ལས་གྲྭ་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་དོན་ཁྲོད་སྔར་ཡོད་ཀྱི་སྔོ་ཁེབས་སྲུང་སྐྱོང་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་དང་། མི་ཐབས་ཉམས་གསོ་དང་རང་བྱུང་ཉམས་གསོ་ཟུང་འབྲེལ། སྐྱེ་ཁམས་སྣ་མང་རང་བཞིན་སྲུང་སྐྱོང་ལ་སྣང་ཆེན། ཡུལ་བབ་དང་བསྟུན་ནས་ཤིང་སྣ་དང་མེ་ཏོག་དང་རྩྭའི་གྲུབ་ཆ་ལེགས་སུ་གཏོང་བ་བཅས་བྱས་ཏེ། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་འཇགས་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཆེ་རུ་བཏང་བས། སྐྱེ་ཁམས་མ་ལག་གལ་ཆེན་དང་སྐྱེ་དངོས་འཚོ་གནས་ཁུལ་གལ་ཆེན་སྲུང་སྐྱོང་བྱེད་པའི་ཉམས་གསོ་བཅོས་སྐྱོང་གི་ཕན་འབྲས་གསར་པ་ཐོན་ཡོད་པ་རེད།

    མིག་སྔར་རང་ལྗོངས་སུ་རང་བྱུང་སྲུང་སྐྱོང་ཁུལ་47ཡོད་པ་དང་། སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་4121.61ཟིན་པ་དེས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་33.35%བཟུང་བ་དང་ཆབས་ཅིག གཙང་གསུམ་ཆུ་འགོ(གདང་ལའི་བྱང་རྒྱུད་ས་ཁོངས)དང་། བྱང་ཐང་། ཇོ་མོ་གླང་མ། གངས་རིན་པོ་ཆེ། ཀའོ་ལི་གུང་རི(བོད་ལྗོངས་དུམ་བུ)ཡར་ཀླུང་གཙང་པོའི་རོང་ཆེན་བཅས་སྐྱེ་ཁམས་མ་ལག་གལ་ཆེ་ཤོས་དང་། རང་བྱུང་མཛེས་ལྗོངས་དམིགས་བསལ་ཆེ་ཤོས། རང་བྱུང་ཤུལ་བཞག་ཁྱད་དུ་འཕགས་པ། སྐྱེ་དངོས་སྣ་མང་རང་བཞིན་འབེལ་ཤོས་ཀྱི་དཔེ་མཚོན་ས་ཁོངས་6ཚང་མ《རྒྱལ་ཁབ་སྤྱི་གླིང་གི་ཁོར་ཡུག་བཀོད་པའི་ཇུས་གཞིའི》ནང་བཅུག་པ་དང་། རྒྱ་ཁྱོན་བསྡོམས་སྤྱི་ལེ་ངོས་གྲུ་ཁྲི་40ཙམ་ཟིན་པ་དེས་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་དང་དེ་བཞིན་འདེམས་སྒུག་ཁུལ་གྱི་རྒྱ་ཁྱོན་བསྡོམས་འབོར་གྱི་36%བཟུང་སྟེ་གྲངས་འབོར་དང་རྒྱ་ཁྱོན་གཉིས་ཀ་ཨང་དང་པོར་སླེབས་ཤིང་། དེ་ལས་དཔེ་མཚོན་ས་ཁོངས་1ལ་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་ཆོག་མཆན་ཐོབ་པ་དང་། གཞན་5ཡི་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད་པ་རེད།

    ཕྱོགས་མང་པོས་ཤུགས་བཏོན་ནས་སྐྱེ་དངོས་སྲུང་སྐྱོང་གི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་པ།

    བོད་ལྗོངས་ནག་ཆུར་སྡེ་ཁུལ་གྱི་གྲོང་མི་མང་པོ་གསའ་སྲུང་སྐྱོང་བྱེད་པའི་ནང་ཧུར་ཐག་གིས་ཞུགས་པ་དང་། ཁོང་ཚོས་ཚན་ཞིབ་མི་སྣར་གཞོགས་འདེགས་བྱས་ནས་རྒྱུན་གཏན་གྱི་ལྟ་ཞིབ་ཚད་ལེན་ནང་ཞུགས་ཏེ་གསའི་ཁུངས་སྣེ་མཁོ་འདོན་བྱེད་ཀྱི་ཡོད། སྡེ་ཁུལ་འགའ་ཤས་སུ་ད་དུང་སྲུང་སྐྱོང་ཚོགས་ཆུང་བཙུགས་ནས་གྲོང་སྲོལ་དམངས་ཆིངས་བཟོ་བ་དང་གྲོང་མིའི་བྱ་སྤྱོད་ལ་ཚོད་འཛིན་བྱས་ཏེ་གསའི་འཚོ་གནས་ཁུལ་ལ་གནོད་སྐྱོན་གཏོང་ཚད་ཆུང་དུ་གཏོང་གི་ཡོད། ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་བདེ་ཆེན་གྲོང་རྡལ་གནམ་མཚོ་གྲོང་ཚོའི་གྲོང་མི་ཚེ་རིང་གིས“དེ་སྔོན་གསའ་ལ་རྒྱུས་མངའ་དེ་ཙམ་མེད་ལ། དེ་ནི་ངོ་མཚར་ཆེ་ལ་གཟི་རྔམ་ལྡན་པའི་སྲོག་ཆགས་ཤིག་རེད་སྙམ་གྱི་འདུག ཕྱིས་སུ་སྲུང་སྐྱོང་རྣམ་གྲངས་ནང་ཞུགས་རྗེས་ང་ཚོས་སྲོག་ཆགས་དེ་རིགས་ཀྱི་གལ་ཆེའི་རང་བཞིན་ཤེས་བྱུང་། ད་ཆ་གསའ་སྲུང་སྐྱོང་བྱ་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩི་ཡི་ཡོད”ཅེས་བཤད།

    བོད་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་ཁང་གི་སུའོ་ཀྲང་གཞོན་པ་དང་ཞིབ་འཇུག་པ་ཐུའུ་གཡན་ལིས“བོད་དུ་ས་ཆ་གཞན་དག་གི་དངོས་རིགས་འཛུལ་གནོད་གནས་ཚུལ་ཐོན་པ་མ་ཟད། འཛུལ་གནོད་རྩི་ཤིང་ཁོ་ན་རིགས་139ཡོད། ས་ཆ་གཞན་གྱི་དངོས་རིགས་དེ་དག་གིས་སྐྱེ་ཁམས་མ་ལག་ལ་ཤུགས་རྐྱེན་ཐེབས་ཏེ་སྐྱེ་དངོས་སྣ་མང་རང་བཞིན་ལ་གཏོར་སྐྱོན་བཏང་བ་མ་ཟད། ད་དུང་ཞིང་ནགས་ཐོན་སྐྱེད་དང་མིའི་རིགས་ཀྱི་བདེ་འཇགས་ལའང་ཤུགས་རྐྱེན་ཐེབས་ཀྱི་ཡོད། ང་ཚོའི་ཞིབ་འཇུག་གི་དམིགས་ཡུལ་ནི་སྔོན་འགོག་ཚོད་འཛིན་ལ་གཞི་འཛིན་ས་མཁོ་འདོན་བྱས་ནས་བོད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་ཐུབ་ཆེད་ཡིན”ཞེས་བཤད། ཁོང་དང་ཁོང་གི་ཚོགས་པས་གྲོས་འགོ་བཏོན་པ་བརྒྱུད། བོད་ཀྱི་ས་ཆ་མང་པོར་ས་ཆ་གཞན་གྱི་རྩི་ཤིང་ལ་ལྟ་ཞིབ་ཚད་ལེན་དང་གཙང་སེལ་ལས་དོན་སྤེལ་ཏེ་ས་ཆ་གཞན་གྱི་རྩི་ཤིང་ཁྱབ་པར་སྔོན་འགོག་ནུས་ལྡན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།