དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “རེ་བའི་ཞིང་སར་འབྲས་བཟང་སྨིན་པས་མི་རྣམས་ལ་དགའ་སྤྲོ་ཚད་མེད་སྐྱེས”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཞེ་ཅ་ཉིང་།   |     སྤེལ་དུས།  2025-06-02

    འདི་ནི་ཀྲུང་གོས་སུའུ་རི་ནམ་ལ་རོགས་སྐྱོར་བྱེད་པའི་ཞིང་ལས་ལག་རྩལ་མཉམ་ལས་ལྟེ་གནས་ཡིན་པ།

    འདི་ནི་ཀྲུང་གོའི་རིགས་གཅིག་མཁས་ཅན་དང་ས་གནས་དེ་གའི་ཞིང་དུད་ཀྱིས་ཞིང་ནང་དུ་ཤིས་ཀྭའི་མྱུ་གུར་ཆུ་རྒྱག་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་མོང་ཤིན་གྱིས་པར་བརྒྱབ།

    འདི་ནི་ཀྲུང་གོས་སུའུ་རི་ནམ་ལ་རོགས་སྐྱོར་བྱེད་པའི་ཞིང་ལས་ལག་རྩལ་མཉམ་ལས་ལྟེ་གནས་ཀྱི་ཚོད་ལྟའི་ཞིང་ཁར་ཧྲ་ལི་ནཱ་ཡིས་བསྡུས་མ་ཐག་པའི་ས་བོན་སྟོན་བཞིན་པ། འདི་ག་ཚགས་པར་ཁང་མོ་ཞི་ཁོ་ཡན་ལག་ཚགས་པར་ཁང་གི་ཨའེ་ནེ་སི་ཐུའོ·ཏུའོ་མིང་ཀེ་སིས་པར་བརྒྱབ།

    ལོ་གཉིས་ལྷག་ཙམ་གོང་། ཀྲུང་གོའི་ཞིང་ལས་ལག་རྩལ་རིགས་གཅིག་མཁས་ཅན་ཚོགས་པ་སུའུ་རི་ནམ་དུ་འབྱོར་སྐབས་དེ་གར་ས་ཆ་སྤྱོད་ཚད་ཧ་ཅང་དམའ་ཞིང་། ཞིང་པ་མང་ཆེ་བས་སྲོལ་རྒྱུན་གྱི་ཉམས་མྱོང་ལྟར་འདེབས་འཛུགས་བྱེད་པ་དང་། ས་བོན་ས་ལ་གཏོར་རྗེས་འབྲས་བུ་སྨིན་མིན་གནམ་ལ་ཐུག་པར་བསམས། མ་ཟད་ཞིང་པ་ཚོར་དེང་རབས་ཀྱི་འདེབས་འཛུགས་བསམ་བློ་དང་ལག་རྩལ་མེད་པས། ས་གནས་དེ་གའི་ཞིང་ལས་ཐོན་འབོར་ཧ་ཅང་བརྟན་པོ་མེད། 2022ལོར། ཀྲུང་གོས་སུའུ་རི་ནམ་ལ་རོགས་སྐྱོར་བྱེད་པའི་ཞིང་ལས་ལག་རྩལ་མཉམ་ལས་ལྟེ་གནས་ཀྱི་ལག་རྩལ་རོགས་སྐྱོར་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་རྗེས། ཀྲུང་གོའི་ལག་རྩལ་ཚོགས་པས་ཤིང་ཏོག་དང་། སྔོ་ཚལ། ཤ་མོ། ཞིང་ལས་འཕྲུལ་ཆས་སོགས་ཀྱི་ཆེད་ལས་མང་པོ་བཙུགས་ཤིང་། ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་གྱིས་ས་བོན་ནང་འདྲེན་ཚོད་འདེབས་དཔེ་སྟོན་དང་གསོ་སྦྱོང་ལས་དོན་སྤེལ་བ་དང་། མ་རྨོས་ལོ་ཏོག་དང་སྲན་ཆེན་མཉམ་བསྲེས་འདེབས་འཛུགས་སོགས་ས་བོན་གསར་པ་དང་ལག་རྩལ་གསར་པ་ནང་འདྲེན་གསར་གཏོད་ཀྱིས་འདེབས་འཛུགས་ཀྱི་རྨང་གཞི་ཡོད་པའི་དཔེ་སྟོན་དུད་ཚང་ཁག་གཅིག་གསོ་སྐྱོང་བྱས་ཏེ། ཁོང་ཚོར་ལག་རྩལ་མཛུབ་ཁྲིད་དང་འོས་འཚམ་གྱི་ཞིང་ལས་རྒྱུ་ཆ་རྒྱབ་སྐྱོར་བྱས་པ་རེད།

    ཧྲ་ལི་ནཱ་ནི་ཞིང་རར་འཚར་ལོངས་བྱུང་ཞིང་། དུས་ཡུན་རིང་པོར་བ་དམ་དང་ཞོག་ཁོག་སོགས་ཞིང་ལས་ལོ་ཏོག་དང་ངང་ལག་སོགས་ཤིང་ཏོག་འདེབས་འཛུགས་བྱེད་ཀྱི་ཡོད། “ཀྲུང་གོའི་ཞིང་ལས་ལག་རྩལ་རིགས་གཅིག་མཁས་ཅན་ཚོགས་པ་ཡོང་བའི་སྐོར་ཐོས་རྗེས། ང་རང་ཡ་མཚན་དང་བཅས་གྲོགས་པོར་འགྲོགས་ནས་ལྟ་བར་ཕྱིན་པ་ཡིན། ཞིང་ལས་ལག་རྩལ་མཉམ་ལས་ལྟེ་གནས་སུ་ཐོག་མར་སྐྱོད་སྐབས། ཀྲུང་གོའི་རིགས་གཅིག་མཁས་ཅན་གྱིས་གསོ་སྐྱོང་འདེབས་འཛུགས་བྱས་པའི་སུར་པན་ལ་འབྲས་བུ་ཧ་ཅང་ཡག་པོ་བཏགས་པ་དང་། ངའི་ཁྱིམ་གྱི་སུར་པན་ལ་འབྲས་བུ་ཐར་ཐོར་ལས་བཏགས་མེད་པ་དེར་ཧང་སངས་བྱུང་། དུས་དེ་ནས་བཟུང་། ངས་ཀྲུང་གོའི་རིགས་གཅིག་མཁས་ཅན་གྱི་འཁྲིས་ནས་སློབ་སྦྱོང་བྱེད་འགོ་བརྩམས་པ་ཡིན”

    “ང་ཚོས་ཞིང་དུད་དང་སློབ་མར་ནད་འབུའི་གནོད་འཚེ་དབྱེ་འབྱེད་དང་། ལྗང་མདོག་འགོག་ཟོན། ཚན་རིག་དང་མཐུན་པའི་ལུད་རྒྱག སྤུས་ལེགས་སོན་འདེབས་མྱུག་གསོ། ཆུ་གྲོན་ཆུང་ངང་གཏོང་བ། ཐོན་མཐོ་འདེབས་གསོ། སོན་བཟང་གདམ་གསེས་སོགས་ཀྱི་གསོ་སྦྱོང་བྱས་པ་དང་། ཞིང་ནང་དུ་བཀོལ་སྤྱོད་སོགས་དང་ཟུང་འབྲེལ་བྱས་ནས་ཞིང་དུད་ཀྱི་ལག་རྩལ་ཆུ་ཚད་དང་ཞིང་ལས་ཐོན་སྐྱེད་ཀྱི་ལས་ཆོད་མཐོ་རུ་བཏང་ཡོད”ཅེས་ལྟེ་གནས་ཀྱི་ཁག་དང་པོའི་རྣམ་གྲངས་ཚོགས་པའི་ཚོགས་གཙོ་ལིའུ་ཏེ་ཅུན་གྱིས་བརྗོད།

    ཀྲུང་གོའི་རིགས་གཅིག་མཁས་ཅན་གྱི་སྣེ་ཁྲིད་འོག ཧྲ་ལི་ནཱ་ཡིས་སྐྱུར་བསྙལ་བྱས་པའི་བྱ་སྐྱག་དང་ལྕི་བ་སྤྱད་ནས་ལུད་བཟོ་བ་དང་། སོན་མྱུག་ལ་ནད་ཕོག་སྐབས་འཕྲལ་མར་སྨན་མི་གཏོར་བར་རང་བྱུང་གི་བྱ་ཐབས་སྤྱད་ནས་ནད་བཅོས་སོགས་ཀྱི་འདེབས་འཛུགས་ལག་རྩལ་མང་པོ་ཤེས། སློབ་མ་ཚོ་དང་རིགས་གཅིག་མཁས་ཅན་གྱིས་ད་དུང་དྲ་རྒྱའི་ཚོགས་པ་བཙུགས་ཡོད་པས། ཚང་མས་གནད་དོན་འཕྲད་ན་དུས་དང་རྣམ་པ་ཀུན་ཏུ་དགེ་རྒན་ལ་བཀའ་འདྲི་ཞུ་ཆོག་གི་ཡོད། “ངས་ཤེས་པའི་ཉམས་མྱོང་དག་ཚང་མར་མཉམ་སྤྱོད་བྱས་པ་མ་ཟད། ད་དུང་སྔོན་ཆད་མཐོང་མ་མྱོང་བའི་སྔོ་ཚལ་ཚོད་འདེབས་བྱས་པ་ཡིན། ལོ་ལེགས་བྱུང་བའི་ཚོར་སྣང་དེར་ང་ཧ་ཅང་དགའ་པོ་འདུག རེ་བའི་ཞིང་སར་འབྲས་བཟང་སྨིན་པས་མི་རྣམས་ལ་དགའ་སྤྲོ་ཚད་མེད་སྐྱེས”ཞེས་ཧྲ་ལི་ནཱས་དགའ་ཚོར་ཆེན་པོས་བརྗོད།

    མིག་སྔར། ཀྲུང་གོ་ཕྱོགས་ཀྱི་ཚོགས་པས་གཙོ་གནད་མཛུབ་ཁྲིད་བྱས་པའི་ཤིང་ཏོག་དང་སྔོ་ཚལ་གྱི་ཞིང་རའི་གཞི་ཁྱོན་སྤྱི་ཆིང་100ལྷག་ཙམ་ཟིན་པ་དང་། རིམ་རྩིས་བརྒྱབ་ན། དུད་ཚང་དུ་ལག་རྩལ་མཛུབ་ཁྲིད་བྱེད་ཐེངས་200ལྷག་ཙམ་ཟིན་པ་དང་། སློབ་མ་350ཙམ་ལ་གསོ་སྦྱོང་བྱས་པ་རེད། སློབ་མ་ཚོ་སུའུ་རི་ནམ་གྱི་ས་གནས་ཁག་ནས་ཡོང་བ་དང་ལ་ལ་ཉིན་ལྟར་ཆུ་ཚོད་གསུམ་ཙམ་རླངས་འཁོར་ལ་སྡོད་དགོས་ཀྱང་། ཀྲུང་གོའི་རིགས་གཅིག་མཁས་ཅན་ས་རུ་འདེབས་འཛུགས་ལག་རྩལ་སློབ་པར་ཡོང་གི་ཡོད།

    “ང་ཚོའི་དམིགས་ཚད་ནི་སུའུ་རི་ནམ་ལ་ཞིང་ལས་རང་མཁོ་རང་གསོ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དངོས་སུ་མངོན་འགྱུར་ཡོང་རོགས་བྱ་རྒྱུ་དེ་ཡིན། ང་ཚོ་ཁ་བྲལ་རྗེས་དེ་གའི་ཞིང་པས་ཞིང་ལས་ལག་རྩལ་དང་ཉམས་མྱོང་རང་སྐྱ་འཕེར་པོས་བེད་སྤྱོད་བྱས་ནས་ས་ཞིང་ཡག་པོ་འདེབས་ཐུབ་པའི་རེ་བ་ཡོད”ཅེས་ཚོགས་པའི་ཤིང་འབྲས་རིགས་གཅིག་མཁས་ཅན་ལིའུ་ཅིན་གོས་བརྗོད།

    སུའུ་རི་ནམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་དཔལ་འབྱོར་ཚོང་དོན་ཚན་ཙན་ཅ་ཅིན་དབྱི་ཡིས། ཀྲུང་གོས་སུའུ་རི་ནམ་ལ་རོགས་སྐྱོར་བྱེད་པའི་ཞིང་ལས་ལག་རྩལ་མཉམ་ལས་ལྟེ་གནས་ནི་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ཚུན་གྱི་ཞིང་ལས་རོགས་སྐྱོར་རྣམ་གྲངས་དང་པོ་ཡིན། ལག་རྩལ་ནང་འདྲེན་དང་། ལོ་ཏོག་ནང་འདྲེན། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཤེས་ལྡན་པ་གསོ་སྦྱོང་སོགས་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ལོ་ཏོག་སྣ་ཁ་32ཁྱབ་གདལ་བཏང་ནས་ཞིང་དུད་མི་ཐེངས་6500ལྷག་ཙམ་ལ་ཕན་པ་ཐོབ་པས། ས་གནས་དེ་གའི་ཞིང་ལས་ཀྱི“རང་བརྟེན”ནུས་པ་ཆེ་རུ་གཏོང་བ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྨང་གཞི་བཏིང་ཡོད་ཅེས་བརྗོད།

    (འདི་ག་ཚགས་པར་ཁང་དུ་ཕ་ར་མ་རི་པོ་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།