དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་བྱིས་པའི་བདེ་ཐང་གི་ལྟེ་བའི་དམིགས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་པ།

    ཕྱོགས་བསྡུས་སྨན་ཁང་བརྒྱད་སྟོང་ལྷག་ཙམ་གྱིས་བྱིས་ནད་ཚན་ཁག་གི་ཞབས་འདེགས་ཞུ་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-02

    གསར་འགོད་པར་ཉིན་ཤས་གོང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འཚོགས་པའི“བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི”བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་བྱིས་པའི་བདེ་ཐང་ཆུ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་པ་དང་བྱིས་པའི་བདེ་ཐང་གི་ལྟེ་བའི་དམིགས་ཚད་རྒྱུན་མཐུད་ལེགས་སུ་སོང་ཡོད།

    རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བུད་མེད་དང་བྱིས་པ་སིའི་སི་ཀྲང་ཧྲེན་ཧའེ་ཕིང་གིས་ངོ་སྤྲོད་བྱས་དོན། 2024ལོར་རྒྱལ་ཡོངས་ཀྱི་ཕྲུ་གུ་དམར་འབྱར་འཆི་ཚད་དང་ལོ་5མན་གྱི་བྱིས་པ་འཆི་ཚད་4.0‰བར་དང་5.6‰བར་སོ་སོར་ཆག་པ་དེ་ལོ་རྒྱུས་ཀྱི་ཆུ་ཚད་དམའ་ཤོས་ཡིན་པ་དང་གོ་ལ་ཧྲིལ་པོའི་ཡོང་འབབ་འབྲིང་མཐོའི་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སླེབས་ཡོད། གོ་ལ་ཧྲིལ་པོའི་ཉེ་བའི་ལོ་10ཡི་འགྱུར་ལྡོག་གི་འཕེལ་ཕྱོགས་ལ་བལྟས་ན། རང་རྒྱལ་གྱི་ཕྲུ་གུ་དམར་འབྱར་འཆི་ཚད་དང་ལོ་5མན་གྱི་བྱིས་པ་འཆི་ཚད་ལོ་རེར་ཆ་སྙོམས་ཆག་ཚད་དེ་གོ་ལ་ཧྲིལ་པོའི་ཡོང་འབབ་འབྲིང་མཐོའི་རྒྱལ་ཁབ་53ཁྲོད་སོ་སོར་ཨང་གསུམ་པ་དང་བཞི་པར་སླེབས་ཡོད། ཚོད་རྩིས་བྱས་པར་གཞིགས་ན། 2010ལོ་ནས་2023ལོའི་བར་རང་རྒྱལ་གྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་3.8རིང་དུ་ཕྱིན་པའི་ཁྲོད་21.7%ནི་ལོ་5མན་གྱི་བྱིས་པ་འཆི་ཚད་ཉུང་དུ་ཕྱིན་པ་ལས་བྱུང་བ་ཞིག་རེད།

    ཉེ་བའི་ལོ་འགའི་རིང་། རང་རྒྱལ་གྱིས་བྱིས་པའི་བདེ་ཐང་ཐད་ཀྱི་མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ནས། བྱིས་པའི་སྨན་བཅོས་བདེ་སྲུང་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། བྱིས་ནད་ཚན་ཁག་གི་སྨན་བཅོས་ཞབས་ཞུ་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་བྱིས་པར་སྨན་བཅོས་བྱེད་སྐབས་སྟབས་བདེ་ཡོང་བའི་འགན་ལེན་བྱས་ཡོད། སྔོན་འགོག་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་བྱིས་པའི་ནད་རིགས་དབྱེ་བཤེར་དང་། བརྟག་དཔྱད། སྨན་བཅོས་བཅས་ཀྱི་ཞབས་ཞུའི་འཁོར་འབྲེལ་འཐུས་སྒོ་ཚང་དུ་བཏང་སྟེ། སྔ་ཙམ་དབྱེ་བཤེར་དང་། སྔ་ཙམ་བརྟག་དཔྱད། སྔ་ཙམ་སྨན་བཅོས་བཅས་བྱེད་པར་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག་བྱིས་པའི་མཛའ་མཐུན་སྨན་ཁང་བསྐྲུན་ནས་བྱིས་པའི་སྨན་བཅོས་བདེ་སྲུང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ཡོད།

    ཞབས་ཞུ་མཁོ་སྤྲོད་ལ་ཤུགས་སྣོན་རྒྱག་པའི་ཐད་ཆུས་དང་རྫོང་གི་བུད་མེད་དང་བྱིས་པའི་བདེ་སྲུང་སྒྲིག་གཞི་སྣེ་འདྲེན་དུ་བྱེད་པ་དང་། ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ལྟེ་བར་བྱེད་པ། གྲོང་ཚོའི་འཕྲོད་བསྟེན་ཁང་རྨང་གཞིར་བྱེད་པ་བཅས་ཀྱི་བྱིས་པའི་བདེ་སྲུང་ཞབས་ཞུའི་དྲ་རྒྱ་འཐུས་སྒོ་ཚང་དུ་ཤུགས་ཆེན་བཏང་ཡོད། རྒྱལ་ཁབ་བྱིས་པའི་གསོ་རིག་ལྟེ་གནས་དང་རྒྱལ་ཁབ་བྱིས་པའི་ས་ཁོངས་སྨན་བཅོས་ལྟེ་གནས་ཁྲིད་སྟོན་དུ་བྱས་ཏེ། ཞིང་ཆེན་དང་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་གྱི་རྫོང་རིམ་པའི་སྨན་ཁང་དུ་བྱིས་ནད་ཚན་ཁག་བཙུགས་པར་སྐུལ་ཁྲིད་བྱས་ཏེ། བྱིས་པའི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་གོང་འོག་འབྲེལ་མཐུད་ཡོང་བར་སྐུལ་འདེད་བཏང་ཡོད། 2025ལོ་ནས་2027ལོ་བར“བྱིས་ནད་ཚན་ཁག་དང་བསམ་བློའི་བདེ་ཐང་ཞབས་ཞུའི་ལོར”གཏན་འཁེལ་བྱས་ཏེ་རྒྱལ་ཡོངས་ཀྱི་རིམ་པ་གཉིས་པ་དང་གསུམ་པའི་གཞུང་བཙུགས་ཕྱོགས་བསྡུས་སྨན་ཁང་གིས་བྱིས་ནད་ཚན་ཁག་གི་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་རྒྱུ་རེད། མིག་སྔར་རྒྱལ་ཡོངས་སུ་ཕྱོགས་བསྡུས་སྨན་ཁང་8000ལྷག་ཙམ་གྱིས་བྱིས་ནད་ཚན་ཁག་གི་སྒོ་བསྟེན་སྨན་ཁང་ངམ་ཡང་ན་སྨན་ཁང་དུ་སྡོད་པའི་ཞབས་ཞུ་སྤེལ་བ་དང་། རྫོང་སྨན་ཁང་98%ལ་བྱིས་ནད་ཚན་ཁག་བཙུགས་ཡོད་པ། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་80%ལྷག་ཙམ་གྱིས་བྱིས་པའི་རྒྱུན་མཐོང་ནད་ལ་སྨན་བཅོས་ཞབས་ཞུ་སྒྲུབ་ཐུབ་ཀྱི་ཡོད་པ་རེད།

    བརྒྱུད་རིམ་ཧྲིལ་པོའི་ཞབས་ཞུར་ཤུགས་སྣོན་རྒྱག་པའི་ཐད། མངལ་སྦྲུམ་པ་དང་ཕྲུ་གུ་སྐྱེ་བའི་སྐབས་མངལ་སྦྲུམ་པའི་ཉེན་ཁ་དབྱེ་བཤེར་དང་ཚོད་སྐོར་བྱེད་པ་དང་། ཕྲུ་གུ་སྐྱོན་ཅན་མི་སྐྱེ་བའི་རིམ་གསུམ་སྔོན་འགོག་ཚོད་འཛིན་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ། “མིག་ཤེལ”དང“རྒྱགས་རིལ”སོགས་བྱིས་པའི་བདེ་ཐང་གནད་དོན་ལ་དམིགས་ཏེ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ། སྔོན་འགོག་དང་། དབྱེ་བཤེར། བརྟག་དཔྱད། སྨན་བཅོས། དྲག་སྐྱེད་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་ཞབས་འདེགས་ཞུ་སྟངས་བཙུགས་ཡོད། ལོ་ལྔའི་གོང་དང་བསྡུར་ན། ཕྲུ་གུ་སྐྱོན་ཅན་སྐྱེས་ནས་ཕྲུ་གུ་དམར་འབྱར་འཆི་ཚད་དང་ལོ་5མན་གྱི་བྱིས་པ་འཆི་ཚད་ཚང་མ་30%ཡན་ཆག་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།