རྒྱལ་ཡོངས་ཀྱི་དབྱར་གྲོ་བསྡུ་ཚད་བཅུ་ཆ་གསུམ་ལྷག་ཙམ་ཟིན་པ།
ཟླ་5ཚེས་30ཉིན་གྱི་ཆུ་ཚོད་17པའི་བར། རྒྱལ་ཡོངས་ནས་དབྱར་གྲོ་མུའུ་དུང་ཕྱུར་1.29བསྡུས་ཟིན་པ་དང་བསྡུ་ཚད་བཅུ་ཆ་གསུམ་ལྷག་ཙམ་ཟིན་ཡོད།
གསར་འགོད་པས་ཞིང་ལས་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱས་པ་ལྟར་ན། ཟླ་5ཚེས་30ཉིན་གྱི་ཆུ་ཚོད་17པའི་བར་རྒྱལ་ཡོངས་ནས་དབྱར་གྲོ་མུའུ་དུང་ཕྱུར་1.29བསྡུས་ཟིན་པ་དང་བསྡུ་ཚད་བཅུ་ཆ་གསུམ་ལྷག་ཙམ་ཟིན་ཡོད་ཅིང་། ཧུའུ་པེ་དང་། སི་ཁྲོན། ཧྭ་ནན་བཅས་ས་ཁུལ་དུ་གྲོ་བརྔ་བསྡུ་བདེ་བླག་བྱུང་བ་སྟེ། ཨན་ཧུའེ་རུ་བཅུ་ཆ་བརྒྱད་ལྷག་ཙམ་ཟིན་པ་དང་། ཧོ་ནན་དུ་བཅུ་ཆ་དྲུག་ལྷག་ཙམ་ཟིན་པ། ཧྲའན་ཤིས་སུ་བཅུ་ཆ་གཉིས་ལྷག་ཙམ་ཟིན་པ། ཅང་སུའུ་རུ་བཅུ་ཆ་གཅིག་དང་ཕྱེད་ཀ་ཟིན་ཡོད་པ་རེད།
ཧོ་ནན་དང་། ཧོ་པེ། ཨན་ཧུའེ་བཅས་ཞིང་ཆེན་གསུམ་འབྲེལ་མཚམས་ཀྱི་ས་ཁུལ་དང་གྲོང་ཁྱེར་10ཡི་དབྱར་གྲོའི་རྒྱ་ཁྱོན་མུའུ་ཁྲི་4500ལྷག་ཟིན་པ་དེ་ནི་རང་རྒྱལ་གྱི་དབྱར་གྲོ་བསྡུ་བའི་གཙོ་གནད་ས་ཁོངས་ཡིན་ལ། “དབྱར་གསུམ”རིང་ཆར་པ་འབབ་ཚད་མང་བའི་ས་ཁུལ་ཞིག་ཀྱང་ཡིན། ད་ལོའི་ཟླ་5པའི་ཟླ་དཀྱིལ་ནས་བཟུང་། ས་ཁོངས་དེར་བསྟུད་མར་དྲག་ཆར་བབས་པ་དང་ཐན་སྐྱོན་ཛ་དྲག་ཏུ་སོང་བ་དང་དུས་མཚུངས་སུ་དབྱར་གྲོ་སྔ་སྣུར་དུ་གཅིག་སྡུད་ཐོག་སྨིན་པས། དབྱར་བསྡུའི་གནས་བབ་རྙོག་འཛིང་ཆེ་ལ་ལས་འགན་དཀའ་ཚེགས་ཆེ་བ་ཞིག་ཡོད། ཞིང་ཆེན་གསུམ་གྱིས་ཆར་པ་ཆེན་པོ་འབབ་པའི་ཤུགས་རྐྱེན་ངན་པར་ཁ་གཏད་ཧུར་ཐག་བཅག་སྟེ་ཕན་ནུས་ཆེ་བའི་སྒོ་ནས་མྱུར་བསྡུ་ལས་སྒྲུབ་སྒྲིག་འཛུགས་བྱས་པས། མྱུར་ཚད་དུས་མཚུངས་ལས་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་པ་དང་། ཟླ་5ཚེས་30ཉིན་རེས་སྐོར་འདིའི་ཆར་པ་ཆེན་པོ་མ་བབས་གོང་འབྲེལ་ཡོད་ས་ཆའི་གྲོ་བརྔ་བསྡུ་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་ཡོད་པ་རེད།
ཞིང་ལས་གྲོང་གསེབ་པུས་གནམ་གཤིས་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་བྱས་ཏེ་འབྲེལ་ཡོད་ཞིང་ཆེན་སྒྲིག་འཛུགས་བྱས་ནས་གྲོ་བརྔ་བསྡུའི་ལས་དོན་དང་འཕྲལ་སྡོམ་མྱུར་བསྡུ་མྱུར་སྐེམ་གྱི་གྲ་སྒྲིག་ཡག་པོ་བྱས་ཤིང་། སྨིན་ཟིན་པའི་གྲོ་བསྡུ་སྐེམ་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པར་གྲ་སྒྲིག་ཧུར་ཐག་བྱས་ཏེ་དབྱར་འབྲུ་འཚམ་བསྡུ་མྱུར་བསྡུ་ཐུབ་པར་འགན་ལེན་ཧུར་ཐག་བྱས་ཡོད། དུས་མཚུངས་སུ་བསྡུ་འདེབས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་འཕྲུལ་ཆས་ཅན་གྱི་བྱ་ཐབས་དོན་འཁྱོལ་ནན་ཏན་བྱས་ཏེ་རྒྱ་ཁྱོན་ཆེ་བའི་མུའུ་རེའི་ཐོན་ཚད་མཐོར་གཏོང་ལས་དོན་ལ་སྐུལ་འདེད་བཏང་བ་དང་། འཕྲུལ་ཆས་ཅན་གྱི་རྨོ་འདེབས་སྤུས་ཚད་དང་ལས་ཆོད་ཆེ་རུ་ཧུར་ཐག་བཏང་ནས་ལོ་ཧྲིལ་པོར་ལོ་ལེགས་ཡོང་བར་རྨང་གཞི་ཡག་པོ་བཏིང་ཡོད་པ་རེད།