2025ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་གཉེར་འགོ་ཚུགས་པ།
ཉེ་ཆར། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིང་དང་། ཞིང་ཨུད་དྲིལ་བསྒྲགས་པུའུ། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་བཅས་ཀྱིས་གཙོ་གཉེར་དང་། ཟི་ལིང་གྲོང་ཁྱེར་ཚན་རིག་ལག་རྩལ་ཅུས་དང་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཁང་གིས་སྒྲུབ་འགན་འཁུར་བའི་2025ལོའི་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་བྱེད་སྒོའི་གཟའ་འཁོར་ཟི་ལིང་དུ་གཉེར་འགོ་ཚུགས་པ་རེད།
འདི་ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་ཐོག“བློ་བརྟན་འགྱུར་མེད་གསར་གཏོད་འཕེལ་རྒྱས་གཏོང་། ཚན་རྩལ་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྱོང་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བཟུང་ཡོད། བྱེད་སྒོ་སྤེལ་ཡུལ་དུ། ཞིང་ཆེན་ནང་ཁུལ་གྱི་ཕུལ་བྱུང་སྐེ་དར་དམར་པོའི་འགྲེལ་བཤད་པ་དང་རྒྱལ་ཡོངས་ཚན་རིག་ཁྱབ་གདལ་འགྲེལ་བཤད་འགྲན་བསྡུར་ཆེན་པོའི་བྱ་དགའ་ཐོབ་མཁན་བདམས་ཐོན་པ་ཚོས་གར་སྟེགས་ཟློས་གར་གྱི་རྣམ་པའི་ཐོག་ནས་ཏེང་ཅཱ་ཤན་དང་། ཝུའུ་ཐེན་དབྱི། ཀྲང་ཕེང་ཞི་སོགས་ཚན་རིག་པའི་མི་སེམས་འགུལ་བའི་གཏམ་རྒྱུད་གསོན་ཉམས་དོད་པོས་གླེང་ནས། ཡུལ་དེ་གའི་ཕུལ་དུ་བྱུང་བའི་ཚན་རིག་པ་དག་གིས་དཔའ་ངར་ཆེན་པོས་འགག་རྩའི་ལྟེ་བའི་ལག་རྩལ་ཁོང་དུ་ཆུད་པར་བྱས་པ་དང་། ཚན་རིག་ལག་རྩལ་གྱི་ལས་འགན་གལ་ཆེན་གྱི་དཀའ་གནད་བསལ་བ། ཐོན་ལས་ཀྱི“ཁུལ་བཞི”འཛུགས་སྐྲུན་བྱས་པ་སོགས་ཐད་ཀྱི་ཚན་རིག་པའི་སྙིང་སྟོབས་མངོན་པར་བྱས་པ་རེད། འགྲེམས་པང་འཛུགས་པ་དང་བརྙན་ལམ་སྟོན་པ་སོགས་ཀྱི་རྣམ་པ་བརྒྱུད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》དང་། གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཁྱབ་གདལ་བཅའ་ཁྲིམས》 ཚན་རྩལ་སྒྲིག་སྲོལ་བསྒྱུར་བཅོས་ཟབ་ཏུ་གཏོང་བའི་འབྲེལ་ཡོད་སྲིད་ཇུས་བཅས་དྲིལ་བསྒྲགས་གཏིང་ཟབ་བྱས་པ་དང་ཆབས་ཅིག 2022ལོ་ཚུན་མཚོ་སྔོན་གྱི་སྐྱེ་ཁམས་དང་། ཁྱད་ལྡན་ཞིང་འབྲོག་ལས། གློག་ཤུགས། རྡོ་སྣུམ། ཆ་འཕྲིན། རྫས་འགྱུར་བཟོ་ལས་སོགས་ལས་རིགས་ཁྱབ་ཁོངས་སུ་ཐོབ་པའི་ཚན་རིག་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་དང་། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་གཡུར་ཟའི་གྲུབ་འབྲས་འགྲེམས་སྟོན་ཡང་བྱས་པ་རེད།