སྲོལ་བཟང་སྤྱོད་བཟང་གི་ལས་སྒྲུབ་རྣམ་པ་དེ་བས་ཟབ་པ།
—— གཏན་འབེབས་དོན་ཚན་བརྒྱད་ལ་བརྟེན་ནས་ཏང་སྲོལ་སྲིད་སྲོལ་གྱི་རྣམ་པ་གསར་རྐྱང་དུ་འགྱུར་བར་སྐུལ་འདེད་བཏང་བ།
དབྱར་ཟླ་ར་བའི་ཞོགས་པ་ཞིག་ལ། ཁ་ལོ་བ་ལི་ཞའོ་ཆའོ་ཡིས་ཟོག་འདྲེན་རླངས་འཁོར་བཏང་ནས་གསར་དུ་བཏིང་བའི་སྣུམ་ནག་གཞུང་ལམ་དུ་དལ་བུར་བཞུད། དེ་སྔ་སི་ཁྲོན་ཞིང་ཆེན་ལེ་ཧྲན་གྲོང་ཁྱེར་ཧྲི་ཀྲུང་ཆུས་ཀྱི་ཆིང་དབྱི་ལྷོ་ལམ་ནས་ལུའེ་ཤིན་ལྷོ་ལམ་བར་གྱི་ལམ་འབར་འབུར་ཡིན་ཞིང་། ལོ་ལྟར་བཟོས་ནའང་འབར་འབུར་ཆགས་ནས་གྲོང་མི་ཚོས་འཁང་ར་ཚད་མེད་བྱེད་ཀྱི་ཡོད།
“ཁས་ལེན་གཙོ་འགན་ལམ་ལུགས”ཀྱི་ལམ་སྲོལ་ཁྱབ་གདལ་བཏང་རྗེས་འགྱུར་ལྡོག་འགྲོ་འགོ་ཚུགས་ཡོད་ཅིང་། གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་སྡེ་ཚན་དང་ཧྲི་ཀྲུང་ཆུས་ཀྱིས་མཉམ་དུ་ཁས་ལེན་བྱས་པ་དང་། ལུའེ་ཤིན་ཁྲོམ་གཞུང་དོན་གཅོད་ཁང་གི་ཀྲུའུ་རེན་གཞོན་པ་ཞུས་ཁོ་ཡིས་ཐེ་ཚོམ་མེད་པར་གཞུང་ལས་ཁང་ལས་ཡུལ་དུ་སྤོས་ཡོད། ཁོང་གི་ལག་ཐོགས་ཁ་པར་ནང་གཞུང་དོན་སྒྲུབ་མཁན་གྱི་ཁ་པར་ཨང་གྲངས་37ཉར་ཡོད་པས་གནད་དོན་ཡོད་ཚེ་འཕྲལ་མར་མཐུན་སྦྱོར་བྱེད་ཀྱི་ཡོད་པ་སྟེ། ཐོ་རེངས་ཆུ་ཚོད་གཉིས་པར་ཁོང་གིས་གློག་སྐུད་སྒྱུར་བཀོད་ལས་ཡུལ་བཅའ་སྲུང་བྱེད་པ་དང་། ཉིན་དགུང་ས་རོ་རྡོ་རོ་དབོར་མཁན་རླངས་འཁོར་འགྲམ་དུ་མོག་མོག་སྐམ་པོ་ཟ་བཞིན་ཐོ་རྒྱག་པ། མཚན་དགུང་སྦི་ཅི་ལིའི་འོད་ལ་བརྟེན་ནས་ཇུས་འགོད་ཚོགས་པ་དང་མཉམ་དུ་འཆར་འགོད་རི་མོར་ལྟ་བ་སོགས་ལས་བྲེལ་གྱི་རྣམ་པས་ཁེངས་ནས་ཡོད། ཁོང་གིས“ད་ཆ་ཁས་ལེན་འགག་སྒྲོལ་གྱི་ལམ་ལུགས་ལག་ལེན་བསྟར་བཞིན་ཡོད་པས་སུ་ཞིག་ཀྱང‘རྐང་པ་འཐེན་མཁན’བྱེད་འདོད་མེད། ཉིན་34ཙམ་ཐུན་མོང་འགག་སྒྲོལ་བྱས་པ་བརྒྱུད་ལམ་འདི་གཞི་ནས་ཡག་པོ་སྐྲུན་ཐུབ་སོང”ཞེས་བརྗོད།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། ལེ་ཧྲན་གྲོང་ཁྱེར་གྱིས“འགན་མི་འཁུར་བ་དང་། དགོས་པའི་ལས་ཀ་མི་བྱེད་པ། རང་འགན་གཞན་དཀྲི་དང་དོན་མེད་རྙོག་དྲ་བཟོ་བ”སོགས་ཀྱི་གནད་དོན་ལ་དམིགས་ནས། ལས་ཁུངས་ཀྱི་ནུས་ཕྱོད་ཆེ་རུ་གཏོང་བ་དང་། ཐོན་ལས་རྣམ་གྲངས་ལ་སྦྱོང་བརྡར་བྱེད་པ། ཁས་ལེན་གཙོ་འགན་ལམ་ལུགས་འགག་སྒྲོལ་བྱེད་པ། བརྩོན་ལེན་དང་། དངོས་སྒྲུབ། ཨང་རིམ་བཟོ་བ་སོགས་ཀྱི་བྱེད་ཐབས་བརྒྱད་བཏོན་ཡོད། ད་ཆ་གཞུང་ལམ་ཡངས་ཤིང་རྒྱ་ཆེ་ལ་བདེ་བ་མ་ཟད། ལས་བྱེད་པའི་ལས་སྒྲུབ་ཀྱི་གོམ་སྟབས་སྔར་བས་བརྟན་པ་དང་མི་སེར་ཚོའི་སེམས་ཁམས་ཀྱང་ཡངས་སུ་ཕྱིན་ཡོད།
ཏང་གི་སྤྱོད་ཚུལ་ལེགས་ན་མི་དམངས་ཀྱི་སེམས་ཁམས་བདེ་བ་དང་། ཏང་དང་མི་དམངས་སྐྱིད་སྡུག་མཉམ་མྱོང་ཐུབ་ནས་ང་ཚོའི་བྱ་གཞག་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་ཐུབ།
ད་ཆ་ཏང་ཡོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བཞིན་ཡོད་པས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་དང་། བཤེར་འདོན། དག་ཐེར་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ་དང་རྒྱུན་སྲིང་ལྷོད་མེད་ཀྱིས་སྤྱོད་ཚུལ་ལེགས་སུ་བཏང་ནས་དངོས་འཛིན་དངོས་སྒྲུབ་དང་སྤོབས་སེམས་ཆེན་པོས་འགན་འཁྲི་ཕྲག་ཏུ་འཁུར་བཞིན་ཡོད་པས་སྲོལ་བཟང་སྤྱོད་བཟང་གི་ལས་སྒྲུབ་ཀྱི་རྣམ་པ་དེ་བས་ཟབ་མོ་ཡོད།
“རླངས་འཁོར་ཞིག”ནས་གཞུང་དང་སྒེར་དབྱེ་བ་གསལ་པོ་འབྱེད་ཐུབ་པ།
“འཁོར་རྟགས‘ཨེ་FD022ཉེན’དང་སྣུམ་སྣོན་གཱ་ཡི་ཨང་གྲངས་1000****8355”
གཱ་དང་རླངས་འཁོར་གཅིག་མཚུངས་ཡིན་པ་གཏན་འཁེལ་རྗེས་ཧུའུ་པེ་ཞིང་ཆེན་ཙའོ་དབྱང་གྲོང་ཁྱེར་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཤང་དབྱང་ཤར་ལམ་སྣུམ་སྣོན་ས་ཚིགས་ཀྱི་རྒན་ཝང་ལགས་ཀྱིས་ཙའོ་དབྱང་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱི་གཞུང་འཁོར་ལ་སྣུམ་བླུག
གང་ཙམ་སོང་རྗེས་ཙའོ་དབྱང་གྲོང་ཁྱེར་ཁྲིམས་འཛིན་ཅུས་གཞུང་ལས་ཁང་གི་ཀྲུང་རེན་ལིའུ་ཧྥུང་གི་ལག་ཐོགས་ཁ་པར་ནང་འཕྲིན་ཐུང་འདི་འདྲ་ཞིག་འབྱོར་བ་སྟེ། “ཚན་པ་འདིའི་གཞུང་འཁོར་ལ་2025ལོའི་ཟླ་4ཚེས་15ཉིན་ཙའོ་དབྱང་གྲོང་ཁྱེར་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཤང་དབྱང་ཤར་ལམ་སྣུམ་སྣོན་ས་ཚིགས་ནས་སྒོར་307.31གི་སྣུམ་བླུགས་འདུག”ཅེས་པའི་སྒམ་ནན་དང་ལྡན་ལ་ཚད་གཞི་དང་མཐུན་པའི་འཕྲིན་ཐུང་ཁ་གསལ་པོ་ཞིག་འབྱོར་ཡོད།
དེ་སྔོན་གཞུང་འཁོར་བེད་སྤྱོད་དང་དོ་དམ་ཁྲོད་གནད་དོན་མི་ཉུང་བ་ཞིག་འཕྲད་པ་སྟེ། གཞུང་འཁོར་སྒེར་གྱིས་སྤྱོད་པ་དང་། སྒེར་འཁོར་གཞུང་ནས་གསོ་བ། གཞུང་འཁོར་ཚད་བརྒལ་བཀོད་སྒྲིག སྒྲིག་ཁྲིམས་ལས་འགལ་ནས་ཁེ་ལས་དང་བྱ་གཞག་ཚན་པ་དང་མི་སྒེར་གྱིས་སྤྲད་པའི་རླངས་འཁོར་ལེན་པ་བཅས་ཀྱི་སྣང་ཚུལ་ཡོད། ཙའོ་དབྱང་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ད་དུང་གྱོད་གཞི་ཞིག་ཞིབ་བཤེར་ཐག་གཅོད་ཐུབ་པ་སྟེ། ཚན་པ་ཞིག་གི་ལས་དོན་པས་གཞུང་གི་སྣུམ་སྣོན་གཱ་ཐེངས་མང་སྤྱད་དེ་སྒེར་འཁོར་ལ་སྒོར་800ལྷག་ཙམ་གྱི་སྣུམ་བླུགས་ཡོད།
ད་ཆ་ཙའོ་དབྱང་གྲོང་ཁྱེར་གྱི་གཞུང་འཁོར་500ལྷག་ཙམ་གཞུང་འཁོར་ཕྱོགས་བསྡུས་དོ་དམ་མ་ལག་ནང་བཅུག་ཟིན་པ་དང་། རེ་ཞུ་དང་། ཞིབ་མཆན། བཀོད་གཏོང་བཅས་ཚང་མ་དྲ་ཚིགས་གཅིག་གི་ཐོག་ནས་སྒྲུབ་པ་དང་བརྒྱུད་རིམ་ཧྲིལ་པོ་ཕྱི་གསལ་ནང་གསལ་ཡོད་པ་རེད། སྣུམ་སྣོན་གཱ་ཡང་རླངས་འཁོར་རེར་གཱ་རེ་བཟོས་ནས་རླངས་འཁོར་དང་གཱ་མཐུད་ཡོད་པས་གཱ་གཅིག་གིས་རླངས་འཁོར་གཅིག་ལ་མ་གཏོགས་སྣུམ་བླུག་ཐུབ་ཀྱི་མེད། “གཞུང་འཁོར་ལ་ད་དུང་གནས་གཏན་འཁེལ་གྱི་མ་ལག་སྒྲིག་སྦྱོར་བྱས་ཡོད་པ་དང་། ཞིབ་མཆན་མ་ཐོབ་པར་རླངས་འཁོར་སྤྱད་པ་དང་རླངས་འཁོར་སྤྱད་པའི་ཆ་འཕྲིན་གཅིག་མཚུངས་མེད་པ་སོགས་ཀྱི་གནས་ཚུལ་ཡོད་ཕྱིན་ལས་སྟེགས་ཀྱིས་རང་འགུལ་ངང་སྔོན་བརྡ་གཏོང་གི་ཡོད”ཅེས་ཙའོ་དབྱང་གྲོང་ཁྱེར་ལས་ཁུངས་ལས་དོན་ཞབས་ཞུ་ལྟེ་གནས་ཀྱི་གཞུང་འཁོར་དོ་དམ་ཁང་གི་འགན་འཁུར་བ་ཀའོ་ཧྲེ་ཅུན་གྱིས་བརྗོད།
སྤྱོད་ཚུལ་གྱི་གནད་དོན་དེ་ངོ་བོའི་ཐོག་ནས་བརྗོད་ན་ཏང་གཤིས་ཀྱི་གནད་དོན་ཡིན་ཞིང་། ཏང་གཤིས་ལེགས་ཞན་ལ་ཚད་འཇལ་བའི་རྩ་བའི་ཚད་གཞི་ནི་གཞུང་དང་སྒེར་ཞེས་པའི་ཡིག་འབྲུ་གཉིས་པོ་དེ་ཡིན། སྔོན་ཆད་ཏང་ཡོན་དང་ལས་བྱེད་པ་ཁ་ཤས་ཀྱིས“བར་ཁེ་ཕྲན་ཙམ་བཟའ་བ་དང་ཁེ་ཕན་ཅུང་ཟད་སྒྲུབ་ཚེ་སྣང་དག་མེད”སྙམ་པའི་ནོར་འཁྲུལ་གྱི་ངོས་འཛིན་བྱེད་ཀྱི་ཡོད། ད་ཆ་ཚད་བརྒལ་གཞུང་ལས་ཁང་ཕྱིར་སློག་བྱེད་པ་དང་། གཞུང་དོན་ཟ་མ་ནན་དུ་བཏང་བ། གཞུང་དངུལ་ཡུལ་སྐོར་བཀག་འགོག་བྱེད་པ་སོགས་གཞུང་སྒེར་གྱི་དབྱེ་མཚམས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་སེམས་སུ་དངོས་འབྲེལ་བཙུགས་ཡོད།
སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་ཚུན། ཙའོ་དབྱང་གྲོང་ཁྱེར་གྱིས་དབང་ཆ་སྤྱོད་ཚུལ་དང་ལམ་ལུགས་ལག་བསྟར་སོགས་ཐད་ཀྱི་སྲིད་གཙང་ཉེན་ཁ་གནས་སར་གྲལ་བཤེར་གཏིང་ཟབ་ཀྱིས་གནད་དོན་དག་ཐེར་བྱ་རྒྱུ་ཁྲིད་སྟོན་དུ་བྱས་ནས། སྒྲིག་ཁྲིམས་ཀྱི་གཅུན་འདོམས་ལ་ཤུགས་སྣོན་རྒྱག་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་གཞུང་དང་སྒེར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པར་སྐུལ་མ་བཏང་སྟེ་གཞུང་སྒེར་གསལ་འབྱེད་བྱེད་པའི་ཁྲོད་རང་མདངས་མངོན་ཡོད།
“གསལ་ཐོ་གཅིག”ལས་བདེན་རྫུན་གསལ་པོ་མཐོང་ཐུབ་པ།
ཞོགས་པའི་ཆུ་ཚོད་7པར། ཀན་སུའུ་ཞིང་ཆེན་ཀའོ་ལན་རྫོང་ཧྲུའེ་ཧྥུ་གྲོང་རྡལ་ཧྲ་ཀང་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཅི་ཡཱ་མེ་ཡིས་སྔ་པོ་ནས་གློག་སྒུལ་སྦག་སྦག་བཏང་སྟེ་ཁེར་སྡོད་རྒན་རྒོན་ཀུང་ཏ་རེང་ལ་རྒྱུན་སྤྱོད་སྨན་སྐྱེལ་བར་བསྐྱོད།
ཅི་ཡཱ་མེ་ཡིས། “ཡུལ་མི་ཚོར་ཕན་པ་དངོས་སྐྲུན་ཐུབ་ན་བྲེལ་བ་ག་ཚོད་ཆེ་ཡང་དགའ་ཚོར་ཆེན་པོ་འདུག ད་ཆ་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་བ་ནི། ང་ཚོའི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དངོས་སྒྲུབ་ལ་མཐོང་ཆེན་བྱ་ཆེད་ཡིན་པས་མང་ཚོགས་ལ་བྱ་བ་དངོས་མང་ཙམ་སྒྲུབ་དགོས”ཞེས་བཤད།
གཞི་རིམ་ནི་མང་ཚོགས་ལ་ཞབས་འདེགས་ཞུ་སའི་འཐབ་ས་དང་པོ་ཡིན་པས། དངོས་སྒྲུབ་ལ་མཐོང་ཆེན་བྱེད་དགོས། འོན་ཀྱང་སྔོན་ཆད་གྲོང་ཚོ་ཨུ་ལྷན་གྱི་ཐོག་སོ་གཉིས་པའི་ཚོགས་ཁང་དུ་རྟག་ཏུ་མཐོ་ཚད་མིའི་གཟུགས་ཕྱེད་དང་མཉམ་པའི་ཡིག་ཚགས་སྤུངས་པ་དང་། པར་འདེབས་འཕྲུལ་ཆས་ཀྱིས་སྙན་ཞུའི་རེའུ་མིག་རྫོགས་རྒྱུ་མེད་པ་ཞིག་པར་རྒྱག་གི་ཡོད་ལ། ལྟ་སྐུལ་ཞིབ་བཤེར་གྱི་དཔྱད་ཡིག་ཀྱང་འབོར་ཆེན་བཟོ་དགོས་པས“ཉིན་མཚན་བལྟོས་མེད་ལས་ལ་བྲེལ་ནས་དཀའ་བ་ཚད་མེད་སྤྱད་ཀྱང་མང་ཚོགས་ཀྱིས་ད་དུང་བློ་ཡིད་ཚིམ་པོ་བྱེད་ཀྱི་མེད”ཅེས་ཅི་ཡཱ་མེ་ཡིས་བཤད།
ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་གཏིང་ཟབ་སྤེལ་བས་ཀའོ་ལན་རྫོང་གིས“གསལ་ཐོ་གཅིག་གིས་འགན་དབང་ལ་དོ་དམ”བྱ་རྒྱུ་ཁྱབ་གདལ་བཏང་ཞིང་། ད་ཆ་ཧྲ་ཀང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་གཞུང་ལས་ཁང་གི་སྒྲོག་ཙེའི་ཐོག་སྔོན་ཆད་ཀྱི་རྩིས་དེབ་རེ་རེ《ཀའོ་ལན་རྫོང་གི་གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ཀྱིས་ཁྲིམས་ལྟར་འགན་འཁྲི་ལག་ལེན་བསྟར་བའི་དོན་ཚན་གྱི་གསལ་ཐོ》རུ་བསྒྱུར་ཡོད།
དམངས་ཁྲོད་ཀྱི་རྩོད་གཞི་འདུམ་འགྲིག་བྱེད་པ་དང་། རིག་གནས་ལུས་རྩལ་ལུས་སྦྱོང་གི་བྱེད་སྒོ་སྒྲིག་འཛུགས་བྱེད་པ། ཁོངས་གཏོགས་ཁྱབ་ཁོངས་ནང་གི་དབང་པོ་སྐྱོན་ཅན་གྱི་ལས་དོན་ཡག་པོ་སྒྲུབ་པ་སོགས་ཅི་ཡཱ་མེ་ཡིས་གསལ་ཐོར་ལྟ་ཞོར་དུ“དེ་དག་ཚང་མ་ཁ་ཡོད་ལག་ཡོད་ཀྱི་ལས་ཀ་ཤ་སྟག་རེད་ལ། མང་ཚོགས་ལ་ཕན་པ་བསྐྲུན་པའི་བྱ་བ་དངོས་ཀྱང་རེད”ཅེས་བཤད།
མིག་སྔར། ཀའོ་ལན་རྫོང་གིས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་ཏན་ཏིག་སྤེལ་ནས། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཐད་གནས་པའི་མི་འདང་བའི་ཆ་དེ་གཅིག་སྡུད་བཅོས་སྒྲིག་གི་མངོན་གསལ་དོད་པའི་གནད་དོན་གྱི་གྲས་ཤིག་ཏུ་བརྩིས་ཤིང་། ཧྲ་ཀང་གྲོང་ཚོར་ཚོགས་འདུ་ཉུང་དུ་དང་། སྙན་ཞུའི་རེའུ་མིག་ཉུང་དུ། ཞིབ་བཤེར་བྱེད་མཁན་ཉུང་དུ་བཅས་ཕྱིན་ཡོད་པས། ཅི་ཡཱ་མེ་ཡིས་གྲོང་ཚོའི་ལས་བྱེད་པ་ཁྲིད་དེ་དམངས་དོན་རོགས་ཚབ་ཀྱིས་སྒྲུབ་པ་དང་ཟླ་རེར་འོས་འགན་སྐྲ་བཞར་སོགས་ཀྱི་ཞབས་འདེགས་ཞུ་གི་ཡོད། “ལས་འགན་ལ་བསྟུན་ནས་སྒྲུབ་པ”ནས“མང་ཚོགས་དོན་དུ་སྒྲུབ་པའི”བར་ལས་སྒྲུབ་ཀྱི་སྙིང་སྟོབས་དེ་བས་ཆེ་རུ་ཕྱིན་ཡོད་ལ། མང་ཚོགས་ཀྱི་འཚོ་བའང་དེ་བས་བདེ་སྐྱིད་ལྡན་པར་གྱུར་ཡོད།