རྒྱལ་ནང་ཁྲོམ་ར་བརྟན་པོའི་ངང་རྒྱ་ཆེར་ཕྱིན་པ་དང་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་གི་མཉེན་ཤུགས་རྒྱུན་འཁྱོངས་ཐུབ་པ།
ཟླ་དང་པོ་ནས་བཞི་པའི་བར་གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཁེ་ལས་ཀྱི་ཚོང་གཉེར་ཡོང་འབབ་དང་ཁེ་བཟང་གཉིས་ཀ་འཕར་བ།
ཉེ་ཆར། ཀྲུང་གོ་ཡང་བའི་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་བཞི་པའི་བར་གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཁེ་ལས་ལ་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་7.35བྱུང་བ་དེ་དུས་མཚུངས་ལས་4.9%འཕར་བ་དང་། ཁེ་བཟང་སྒོར་དུང་ཕྱུར་4190.6བྱུང་བ་དེ་དུས་མཚུངས་ལས་3.8%འཕར་ཡོད། ནང་མཁོ་རྒྱ་སྐྱེད་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་རབ་དང་རིམ་པའི་རྒྱབ་སྐྱོར་འོག ཡང་བའི་བཟོ་ལས་ཀྱི་དཔལ་འབྱོར་འཁོར་རྒྱུག་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད།
འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ལ་ཤུགས་སྣོན་བརྒྱབ་ནས་ཁྲོམ་ར་རྒྱ་སྐྱེད་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། ཡང་བའི་བཟོ་ལས་ཀྱི་འབྲེལ་ཡོད་ཐོན་ལས་ཀྱི་གཞི་ཁྱོན་ཆེ་རུ་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་ནས་ཡང་བའི་བཟོ་ལས་ཀྱི་དཔལ་འབྱོར་འཕར་བར་སྐུལ་ཁྲིད་བྱས་ཡོད་པ་རེད། གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་བཞི་པའི་བར་འཛད་སྤྱོད་པ་ཁྲི་3400ལྷག་ཙམ་ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་པར་བརྗེ་བའི་བྱེད་སྒོར་ཞུགས་ཏེ། རིམ་རྩིས་བརྒྱབ་ན་རིགས་12ཀྱི་ཁྱིམ་སྤྱོད་གློག་ཆས་ཁྲི་5100ལྷག་ཙམ་ཉོས་ནས་བྲིན་ཚོང་སྒོར་དུང་ཕྱུར་1745ཟིན་པར་སྐུལ་ཁྲིད་ཐུབ་ཡོད། ཁྱིམ་སྤྱོད་གློག་ཆས་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་8.2%འཕར་བ་དང་། གོས་འཁྲུའི་འཕྲུལ་ཆས་དང་། ཚ་གྲང་སྙོམས་ཆས། འཐུང་ཆུའི་འཕྲུལ་ཆས་བཅས་ཀྱི་ཐོན་ཚད་དུས་མཚུངས་ལས་10.9%དང་། 7.2% 7.0%བཅས་སོ་སོར་འཕར་བ། ཁྱིམ་ཆས་རིགས་ཀྱི་ཚོང་ཟོག་སིལ་འཚོང་བསྡོམས་འབོར་དུས་མཚུངས་ལས་20.2%འཕར་བ་དང་འཕར་ཚད་ལོ་གོང་མའི་ལོ་ཧྲིལ་པོ་ལས་བརྒྱ་ཆའི་གྲངས་16.6མགྱོགས་སུ་ཕྱིན་ཡོད་པ་རེད།
ད་ལོ་ཚུན་དུ། རང་རྒྱལ་གྱི་ཡང་བའི་བཟོ་ལས་ཁེ་ལས་ཀྱི་སྤྱིའི་ཕྱིར་གཏོང་དུས་བབ་སྔོན་དཔག་ལས་བཟང་བ་ཡོད། གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་བཞི་པའི་བར་ཡང་བའི་བཟོ་ལས་ཀྱི་ཚོང་ཟོག་ཕྱིར་གཏོང་བྱེད་ཚད་ཨ་སྒོར་དུང་ཕྱུར་2934.3ཟིན་པ་དེ་དུས་མཚུངས་ལས་0.8%འཕར་བ་དང་། ཕྱིར་གཏོང་འཕར་ཚད་ཟླ་བ་གཉིས་བསྟུད་མར་བསྐྱར་འཕར་བྱུང་ནས་ཡང་བའི་བཟོ་ལས་ཀྱི་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་གི་མཉེན་ཤུགས་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད། དེའི་ནང་ཁྱིམ་སྤྱོད་གློག་ཆས་ཕྱིར་གཏོང་བྱེད་ཚད་ཨ་སྒོར་དུང་ཕྱུར་429.7ཟིན་པ་དེ་དུས་མཚུངས་ལས་11.2%འཕར་བ་དང་། རྒྱུན་མཁོའི་རྫས་འགྱུར་ཐོན་རྫས་ཕྱིར་གཏོང་བྱེད་ཚད་ཨ་སྒོར་དུང་ཕྱུར་295.5ཟིན་པ་དེ་དུས་མཚུངས་ལས་19.2%འཕར་བ། ཞིང་ཞོར་བཟའ་བཅའི་ལས་སྣོན་ཐོན་རྫས་ཕྱིར་གཏོང་བྱེད་ཚད་ཨ་སྒོར་དུང་ཕྱུར་129.7ཟིན་པ་དེ་དུས་མཚུངས་ལས་8.2%འཕར་ཡོད་པ་རེད།