རང་རྒྱལ་གྱི་རྩ་བའི་ཆ་ནས་ཚན་རིག་གི་བྱང་ཚད་ལྡན་པའི་སྤྱི་དམངས་ཀྱི་བསྡུར་ཚད་44.07%ཟིན་པ།
ཉེ་ཆར། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་ཀྲུང་གོའི་སྤྱི་དམངས་ཀྱི་ཚན་རིག་གི་བྱང་ཚད་ལ་དཔེ་འཐེན་བརྟག་དཔྱད་ཐེངས་བཅུ་བཞི་པ་བྱས་འབྲས་ཁྱབ་བསྒྲགས་བྱས་པ་རེད། བརྟག་དཔྱད་བྱས་པ་ལྟར་ན། 2024ལོར་རང་རྒྱལ་གྱི་ཚན་རིག་གི་བྱང་ཚད་ལྡན་པའི་སྤྱི་དམངས་ཀྱི་བསྡུར་ཚད་15.37%ཟིན་པ་དང་། རྩ་བའི་ཆ་ནས་ཚན་རིག་གི་བྱང་ཚད་ལྡན་པའི་སྤྱི་དམངས་ཀྱི་བསྡུར་ཚད་44.07%ཟིན་པ་དེས་མི་འབོར་གྱི་གཞི་ཁྱོན་དུང་ཕྱུར་4.4ཟིན་ནས་རྒྱལ་ཁབ་ཀྱི་གསར་གཏོད་འཕེལ་རྒྱས་ལ་ངལ་རྩོལ་ནུས་ཤུགས་ཀྱི་རྨང་གཞི་སྔར་བས་བརྟན་པོ་བཏིང་ཡོད།
སྤྱི་དམངས་ལ་ཚན་རིག་གི་བྱང་ཚད་ལྡན་པ་ཞེས་པ་ནི་ཚན་རིག་གི་སྙིང་སྟོབས་ལ་དད་ཞེན་ཆེ་བ་དང་། ཚན་རིག་གི་བསམ་བློ་འཛུགས་པ། གཞི་རྩའི་ཚན་རིག་གི་བྱེད་ཐབས་ཁོང་དུ་ཆུད་པ། དགོས་ངེས་ཀྱི་ཚན་རྩལ་ཤེས་བྱ་ཤེས་པ་དང་སྦྲགས། དེ་དག་སྤྱད་དེ་བྱ་དངོས་ལ་དབྱེ་ཞིབ་དང་བརྡར་ཤ་གཅོད་པ་དང་དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ནུས་པར་ཟེར་གྱི་ཡོད། ད་ཐེངས་ཀྱི་བརྟག་དཔྱད་ནང་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་ཀྱི་གནས་ཚུལ་དང་དེ་བཞིན་ཚན་རྩལ་ལ་འཛིན་པའི་རྣམ་འགྱུར་དང་། ཚན་རྩལ་ཆ་འཕྲིན་ཤེས་རྟོགས་བྱེད་པའི་ཐབས་ལམ། ཚན་རིག་ཁྱབ་གདལ་ལ་ཞུགས་པའི་གནས་ཚུལ་སོགས་ཀྱི་ནང་དོན་ཚུད་ཡོད་པ་དང་། བརྟག་དཔྱད་བྱ་ཡུལ་ནི་ལོ་18ནས་ལོ་69བར་གྱི་ཀྲུང་གོའི་སྤྱི་དམངས་ཡིན་པ་རེད།