ཏང་འཛུགས་སྐྱོང་གིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི“མན་ངག”ལེགས་པོ།
—— འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་གི་ཏང་འཛུགས་སྐྱོང་བྱེད་སྟངས་གསར་གཏོད་ཀྱི་འགྲན་བསྡུར་ཆེན་པོའི་སྐོར་གྱི་ཟུར་བྲིས།
ཉེ་ཆར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་གིས“ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད། དར་རྒྱས་གཏོང་བར་ང་ཡིས་འབད་པའི”གཞི་རིམ་གྱི་ཏང་འཛུགས་སྐྱོང་བྱེད་སྟངས་ལ་བརྟེན་ནས་གསར་གཏོད་ཀྱི་འགྲན་བསྡུར་ཆེན་པོ་གཉེར་ཞིང་། ཤང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་5ཡིས་བཀྲག་མདངས་འཚེར་ས་ངོམ་པ་དང་། ཕན་འབྲས་བསྡུར་བ། ཉམས་མྱོང་སྦྱོང་བ་བཅས་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་པ་མ་ཟད། ཐོན་ལས་རིམ་སྤོར་དང་། བཅོས་སྐྱོང་གི་ཕན་འབྲས་ཆེར་གཏོང་། སྐྱེ་ཁམས་ལེགས་གཏོང་བཅས་ལ་གྲུབ་འབྲས་མང་པོ་ཐོན་པར་སྐུལ་འདེད་ཀྱང་ཐེབས་ཡོད།
སྟོད་པ་གྲོང་ཚོས་ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་ནས་ས་ཞིང་གི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་སྟོད་པ་གྲོང་ཚོའི་རང་སྟོབས་ཞིང་འཕྲུལ་ཡོ་བྱད་མཉམ་ལས་ཁང་བཙུགས་པ་དང་། “མངཌ་འདེབས་ཞིང་ལས་དང་སྤུས་རྟཌ་ཚོང་གཉེར་ཟུང་འབྲེལ”གྱི་རྣམ་པ་སྤྱད་དེ། 2024ལོར་མཉམ་ལས་ཁང་ལ་ལས་གཉེར་ཡོང་འབབ་སྒོར་ཁྲི་100ལྷག་ཙམ་བྱུང་ཞིང་། ལོ་ཧྲིལ་པོར་ཞིང་པར་འབབ་འཕར་སྒོར་ཁྲི་75ཡོང་རོགས་བྱས་པ་རེད། སྟོད་པ་གྲོང་ཚོའི་རྗེས་གྲབས་ལས་བྱེད་པ་དང་ཚན་རྩལ་ཆེད་བསྐོས་པ་བསྟན་འཛིན་སྒྲོལ་དཀར་གྱིས་PPTསྟེང་གི་གྲངས་གཞི་སྟོན་གྱིན“མཉམ་ལས་ཁང་ལས་གྲོང་ཚོའི་མཉམ་སྡེབ་ལ་ཡོང་འབབ་སྒོར་ཁྲི་120ལྷག་ཙམ་བྱུང་བ་མ་ཟད། གྲོང་ཚོ་ཡོངས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་སྣེ་འདྲེན་ཐོན་ལས་ཀྱང་སྐྱེད་སྲིང་བྱས་ཡོད”ཅེས་བཤད།
འགྲན་བསྡུར་སྤེལ་རིང་ཐོན་པའི་ཁྱད་ལྡན་དཔེ་མཚོན་5པོ་གྲོང་གསེབ་དར་རྒྱས་ཀྱི་རྣམ་གྲངས་མཛོད་དུ་གྱུར་ཡོད་པ་རེད།
སྦས་སྣ་གྲོང་ཚོའི་ཀྲའོ་ཝ་1ཟིན་པའི་འོད་ཤུགས་ཞིང་རས་ལོ་ལྟར་གྲོང་ཚོའི་མཉམ་སྡེབ་ལ་ཁེ་སྤོགས་སྒོར་ཁྲི་15རེ་བརྟན་པོར་བགོ་ཐུབ་པ་དང་། ཆང་ཁྱིམ་གྲོང་ཚོས་བཏོད་པའི“ནས་ཆང་དང་། གླིང་ཁ། གཞིས་ཀ དམངས་སྲོལ་གནས་ཚང”བཅས་ཟུང་དུ་འབྲེལ་བའི་ཕྱོགས་བཞི་གཞི་གཅིག་གི་གྲོང་གསེབ་ཀྱི་རིག་གནས་དང་ཡུལ་སྐོར་སྤུས་རྟགས་དེ་གྲོང་གསེབ་དང་ཡུལ་སྐོར་ལས་རིགས་མཉམ་འདྲེས་ཀྱི་སྐར་ཁུང་གསར་པར་གྱུར་ནས། 2024ལོར་རིམ་རྩིས་བརྒྱབ་ན། ཡུལ་སྐོར་བ་མི་ཐེངས་ཁྲི་2ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད།
ལྷ་ཡུལ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝང་ཞུའེ་ཧྥེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། “བསྡུར་སློབ་སྙེག་བརྒལ”གྱི་ལམ་སྲོལ་བཙུགས་པ་བརྒྱུད་གྲོང་ཚོ་ཁག་ལ“གྲོང་ཚོ་རེར་ཐབས་ཇུས་རེ”དང“གྲོང་ཚོ་རེར་སྤུས་རྟགས་རེའི”འཕེལ་རྒྱས་ཀྱི་རྣམ་པ་ཆགས་ནས། ཤང་ཡོངས་ཀྱི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་བསྡོམས་འབོར་2023ལོའི་དུས་མཚུངས་ལས་149%འཕར་ཡོད་པ་རེད།
ལྷ་ཡུལ་ཤང་ཏང་ཨུད་ཀྱིས“དཔེ་མཚོན་སྐྱེད་སྲིང་དང་། འགྲན་བསྡུར་དཔྱད་འདེམས། ཤང་ཡོངས་ལ་ཁྱབ་གདལ”བཅས་ཟུང་དུ་འབྲེལ་བའི་ལས་ཀའི་ལམ་སྲོལ་བཙུཌ་པ་དང་། “དར་རྒྱས་ཀྱི་ཇུས་འདོན་ཚོགས་པ”ཡང་བཙུགས་པ་རེད། མིག་སྔར་ཕུལ་བྱུང་དཔེ་མཚོན་2ལེགས་འདེམས་ཁྱབ་གདལ་གྱི་འཆར་གཞིར་བཅུག་ཡོད། དཔེ་མཚོན་གསར་གཏོད་ཀྱི་འགྲན་བསྡུར་ལ་ཞུགས་པའི་སྡེ་ཆེན་གྲོང་ཚོའི་རྗེས་གྲབས་ལས་བྱེད་པ་དང་ཚན་རྩལ་ཆེད་བསྐོས་པ་ཚེ་སྒྲོན་གྱིས“‘བསྡུར་ནས་སྦྱོང་བ་དང་འགྲན་ནས་སྒྲུབ་པའི’བྱེད་སྟངས་དེ་རིགས་ཀྱིས་ང་ཚོར་ཏང་འཛུགས་སྐྱོང་གིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི‘མན་ངག’རྙེད་བྱུང”ཞེས་བཤད།
“རྐྱང་རྒྱུག་རྐྱང་འཐབ”ནས“ཇུས་ཤུགས་མཉམ་འདོན”བར་དང“རྒྱུན་སྲོལ་གྱི་བྱ་སྤྱོད”ནས“གསར་གཏོད་ཚད་བརྒལ”བར། ལྷ་ཡུལ་ཤང་གིས་གཞི་རིམ་ཏང་འཛུགས་སྐྱོང་བྱེད་སྟངས་གསར་གཏོད་ཀྱི་དཔེ་མཚོན་འགྲན་བསྡུར་ཆེན་པོའི་གཞི་རྟེན་བརྒྱུད་རྩ་འཛུགས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་དངོས་འབྲེལ་བསྒྱུར་ཏེ། “ཏང་འཛུགས་སྐྱོང་+”གི་རྣམ་པ་ཆགས་པ་དང་ཆབས་ཅིག་རྩ་འཛུགས་སྟོབས་ཆེ་དང་། ཐོན་ལས་དར་བ། མི་སེར་ཕྱུག་པ་བཅས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཆགས་པ་རེད།