སྐྱེ་ཁམས་བཟང་བའི་བཀའ་དྲིན་ལས། མང་ཚོགས་ཕྱུག་པོའི་ལམ་དུ་བསྐྱོད།
བོད་རང་སྐྱོང་ལྗོངས་མེ་ཏོག་རྫོང་དགའ་ལྡན་ཤང་དུ“དགའ་གླིང”ཞེས་པའི་གྲོང་ཚོ་ཆུང་ཆུང་ཞིག་ཡོད། དཔྱིད་ཀར་ཁམ་བུའི་མེ་ཏོག་གང་སར་བཞད་པ་དང་། ནགས་ཚལ་སྟུག་པ། སྤྲིན་ཚོགས་ལང་ལོང་དུ་རྒྱུ་བ། གངས་རི་འགྱིང་ངེར་གནས་པ་བཅས་ལས། དེ་གའི་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་སྐྱིད་དུ་འགྲོ་བཞིན་མཆིས།
སྔོན་ཆད་ཀྱི་དགའ་གླིང་གྲོང་ཚོ་ནི་རི་མཐོ་དང་ནགས་ཚལ་སྟུག་པོའི་ཁྲོད་དུ་གནས་པས། རྨོ་ཞིང་ཉུང་ལ་འགྲིམ་འགྲུལ་སྟབས་བདེ་པོ་མེད། གྲོང་མིའི་འཚོ་བ་གཙོ་བོ་ཆུ་འབྲས་དང་མ་རྨོས་ལོ་ཏོག་འདེབས་འཛུགས་བྱེད་པར་བརྟེན་དགོས་པས་དབུལ་ཞིང་ཕོངས་ལ་དཀའ་ཚེགས་ཆེན་པོ་ཡོད། “2018ལོར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་7000ཡང་ཟིན་གྱི་མེད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་རྗེས། གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་8ཚང་མ་དབུལ་སྒྲོལ་ཐུབ་མོད། འོན་ཀྱང་དབུལ་སྒྲོལ་ཐུབ་པའི་མང་ཚོགས་ཉུང་ཤས་ཀྱི་ཡོང་འབབ་ཡོང་ཁུངས་སྔར་བཞིན་ཕྱོགས་རྐྱང་པ་ཡིན་སྟབས། འབྱུང་འགྱུར་ཇི་ལྟར་བྱས་ནས་ཕྱུག་པོར་འགྱུར་མིན་ཐད་སྔར་བཞིན་བསམ་བློ་གཏོང་དགོས་ཀྱི་ཡོད”ཅེས་དགའ་གླིང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་རྡོ་རྗེ་ཕུན་ཚོགས་ཀྱིས་ངོ་སྤྲོད་བྱས།
2013ལོར་ཁྲབ་རྨོག་གཞུང་ལམ་དངོས་སུ་ཤར་གཏོང་ཐུབ་པས། མེ་ཏོག་རྫོང་འདི་ཉིད་ཀྲུང་གོའི་གཞུང་ལམ་ཤར་གཏོང་མི་ཐུབ་པའི་རྫོང་མཐའ་མ་ཡིན་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། 2020ལོར། དགའ་གླིང་གྲོང་ཚོར་ཕྱོགས་གཉིས་གཉིས་ནས་རླངས་འཁོར་གཉིས་རེ་ཤར་གཏོང་ཐུབ་པའི་ཨར་འདམ་གཞུང་ལམ་གསར་རྐྱང་ཞིག་བསྐྲུན་པ་རེད།
“འཕེལ་རྒྱས་ཀྱི་གནད་འགག་དེར་དམིགས་ནས། ང་ཚོས‘ཇ་ལོར་བརྟེན་ནས་གྲོང་ཚོ་འཛུགས་སྐྲུན་བྱེད་པ་དང་། ཡུལ་སྐོར་ལ་བརྟེན་ནས་གྲོང་ཚོ་དར་རྒྱས་གཏོང་བའི’འཕེལ་རྒྱས་ཀྱི་གཙོ་གནད་ཁ་གསལ་བཟོས་པ་ཡིན”ཞེས་རྡོ་རྗེ་ཕུན་ཚོགས་ཀྱིས་བཤད། མུའུ་བརྒྱ་ལྷག་ཙམ་ཟིན་པའི་ཇ་ཞིང་རི་འདབས་སུ་བསྐྲུན་པ་མ་ཟད། གྲོང་ཚོར་ད་དུང་འབྲེལ་ཡོད་མ་དངུལ་གྱི་རྣམ་གྲངས་བརྩོན་ལེན་བྱས་ཏེ་ནགས་གསེབ་འཕྲང་ལམ་དང་ལྗོངས་གཟིགས་སྒང་ཡང་བསྐྲུན་ཡོད་པ་རེད།
དཔྱད་གཞིའི་ཡིག་རིགས་ལས་མངོན་པ་ལྟར་ན། མཚོ་བོད་ས་མཐོའི་ཤར་ལྷོའི་རྒྱུད་དང་ཡར་ཀླུང་གཙང་པོའི་དབུས་རྒྱུད་དང་སྨད་རྒྱུད་དུ་གནས་པའི་མེ་ཏོག་རྫོང་ལ་ཐུན་མོང་མ་ཡིན་པའི་གྲོག་རོང་གི་ཡུལ་ལྗོངས་ཡོད་པ་དང་། ས་བབ་དམའ་བའི་ཚ་ཁུལ་ཆར་ནགས་ནས་ས་བབ་མཐོ་ཚད་སྨི་7782ཟིན་པའི་རི་བོ་གནམ་ལྕགས་འབར་བ་ཡོད་པས། སྐམ་སའི་སྐྱེ་ཁམས་མ་ལག་གི་རང་བྱུང་སྔོ་ཁེབས་ཡོད་ཚད་ལྡན་པ་དེ་ནི་རང་རྒྱལ་དང་ཐ་ན་འཛམ་གླིང་ཡོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་སྡུད་ཆེ་ཤོས་ཀྱི་ས་ཁོངས་ཀྱི་གྲས་ཤིག་རེད།
2022ལོའི་ཟླ་4པར། དགའ་གླིང་གྲོང་ཚོའི་མངའ་ཁོངས་ནས་མཐོ་ཚད་ལ་སྨི་76.8ཡོད་པའི་འབྲུག་ཡུལ་གྱི་གསོམ་ཤིང་ཞིག་རྙེད་པ་དང་ཚང་མས་དེར“ཤིང་སྡོང་རྒྱལ་པོ”ཞེས་མིང་བཏགས་པ་དེས་དེ་གོང་ཡུན་ནན་ཀའོ་ལི་ཀུང་རི་བོར་གནས་པའི་མཐོ་ཚད་ལ་སྨི་72ཡོད་པའི་གསོམ་ཤིང“ཀྲུང་གོའི་ཤིང་སྡོང་རྒྱལ་པོའི”ཟིན་ཐོ་ལས་བརྒལ་ཡོད་པ་རེད། “ཤིང་སྡོང་རྒྱལ་པོར”བརྟེན་ནས་བསྐྲུན་པའི་ཤིང་སྡོང་རྒྱལ་པོའི་སྤྱི་གླིང་དེ་རྐང་ཐང་མར་ཡུལ་སྐོར་དུ་སྐྱོད་སའི་མཛེས་ལྗོངས་ས་ཚིགས་གསར་པ་ཞིག་ཏུ་གྱུར་ཡོད།
“སྐྱེ་ཁམས་བཟང་པོ་ཡོང་འབབ་ལ་འགྱུར་བ་དེ་ཐུན་མོང་གི་ངོས་འཛིན་ཞིག་ལ་རིམ་བཞིན་གྱུར་པ”སྐྱེ་ཁམས་ཡུལ་ལྗོངས་ཡིན་ནའང་འདྲ། མིའི་འཚོ་སྡོད་ཁོར་ཡུག་ཡིན་ནའང་འདྲ། གང་ལྟར་དེ་དག་ཚང་མར་གྲོང་མི་ཚོས་ཉིན་རེ་བཞིན་མཐོང་ཆེན་བྱེད་བཞིན་ཡོད། གྲོང་ཚོ་ཡོངས་ཀྱི་ཕྱུགས་རིགས་ཚང་མ་སྡོམ་གསོས་རྒྱག་གི་ཡོད་པ་དང་། གཟའ་འཁོར་རེའི་གཟའ་ཟླ་བར་གྲོང་ཚོ་ཡོངས་སུ་གཙང་ཕྱགས་ཆེན་པོ་བྱེད་པ་དེ་གོམས་སྲོལ་ཞིག་ཏུ་གྱུར་ཡོད། གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་ད་དུང“མི་ཕྱུགས་ལོགས་དབྱེ་དང་། སྒོ་འགྲམ་གྱི་འགན་ལེན་གསུམ”སོགས་ཀྱི་ནང་དོན་གྲོང་ཚོའི་ཡུལ་སྲོལ་དམངས་ཆིངས་ནང་འཁོད་ཡོད་པས། དགའ་གླིང་གྲོང་ཚོའི་གང་ས་ནས་གཙང་ཐིང་ཐིང་གི་རྣམ་པ་ཞིག་མངོན་བཞིན་ཡོད། ལོ་ལྟར་གྲོང་མིས་ད་དུང་རང་ཁྱིམ་དུ་འདེབས་གསོ་བྱས་པའི་ཤིན་ཏུ་དཀོན་པའི་སྣ་མའི་མེ་ཏོག་ཞལ་འདེབས་སུ་ཕུལ་ནས་སྣ་མའི་མེ་ཏོག་ཕྱི་རོལ་དུ་འདེབས་འཛུགས་བྱེད་པའི་བྱེད་སྒོར་ཞུགས་ཡོད།
2024ལོའི་ལོ་མཇུག་ཏུ་མེ་ཏོག་རྫོང་གི་རང་བྱུང་ལྟ་ཞིབ་བྱེད་སྒོ་སྐབས་དང་པོ་དགའ་གླིང་གྲོང་ཚོར་མཇུག་འགྲིལ་བ་རེད།
“སྐབས་དེའི་བྱེད་སྒོར་སྐྱེ་དངོས་སྣ་མང་རང་བཞིན་ལ་ཞིབ་འཇུག་བྱེད་པར་རྩ་ཆེའི་གྲངས་གཞི་གསོག་འཇོག་བྱས་པ་མ་ཟད། ས་གནས་དེ་གའི་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གོ་སྐབས་གསར་པ་མཁོ་འདོན་བྱས་ཡོད”ཅེས་མེ་ཏོག་རྫོང་གི་རྫོང་དཔོན་གཞོན་པ་དངོས་གྲུབ་རྒྱལ་མཚན་གྱིས་བརྗོད།
ཉིན་ལྔའི་ནང་། དགའ་གླིང་གྲོང་ཚོས་དམངས་སྲོལ་གནས་ཚང་དང་། བཟའ་བཏུང་། ཕྱི་རོལ་གྱི་ལམ་ཁྲིད་སོགས་ཀྱི་ཞབས་འདེགས་ཞུས་པ་བརྒྱུད། གྲོང་ཚོའི་མཉམ་སྡེབ་ཡོང་འབབ་སྒོར་ཁྲི་6ལྷག་ཙམ་འཕར་ནས་ས་གནས་དེ་གའི་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་ཁྲིད་ཐུབ་པ་དང་འབྲེལ་རང་བྱུང་ཉམས་ལེན་བྱེད་སྒོ་སྤེལ་བའི་ནུས་པའང་སྔར་བས་ཆེ་རུ་ཕྱིན་ཡོད།
ཉེ་བའི་ལོ་ཤས་རིང་། དགའ་གླིང་གྲོང་ཚོས་ད་དུང“ཇ་ལོ་དང་ཡུལ་སྐོར་མཉམ་འདྲེས”ཀྱི་འཕེལ་རྒྱས་བསམ་ཕྱོགས་བཏོན་ཡོད། ཕྱོགས་མང་པོའི་མ་འཇོག་གི་རོགས་རམ་འོག་གྲོང་མིས་ཁྱིམ་ཚང་དམངས་སྲོལ་གནས་ཚང་ལ་བསྒྱུར་བཀོད་འཛུགས་སྐྲུན་བྱས་ཤིང་། མིག་སྔར། གྲོང་ཚོ་ཡོངས་སུ་དམངས་སྲོལ་གནས་ཚང་11ཡོད་པ་དེར་ཁྱོན་ཁང་མིས་54ཡོད་པ་དང་། ཟ་ཁང་8ཡོད། 2024ལོར་གྲོང་ཚོར་བཟའ་བཏུང་དང་ཞག་སྡོད་ཡོང་འབབ་སྒོར་ཁྲི་90ལྷག་ཙམ་བྱུང་ཡོད་པ་རེད།
ད་ཆ། ཡུལ་མི་དེ་བས་མང་བར“ཡུལ་སྐོར་གྱི་ཡོང་འབབ”བྱུང་ནས“ཕྱུག་པོའི་ལམ”དུ་བསྐྱོད་པས། འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་བཞིན་ཡོད།