ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་གྲོང་གསར་སྡེ་ཁུལ་གྱིས།
སྒོ་འགྲམ་དུ་བོད་ལུགས་གསོ་རིག་སྨན་ཁང་བཙུགས་པ།
ཉིན་ཤས་གོང་། གསར་འགོད་པ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་གྲོང་གསར་སྡེ་ཁུལ་དུ་སྐྱོད་སྐབས། མང་ཚོགས་མི་ཉུང་བ་ཞིག་གིས་བོད་ལུགས་གསོ་རིག་སྨན་ཁང་དུ་སྨན་པ་བསྟེན་བཞིན་ཡོད་པ་མཐོང་བྱུང་། ཚང་མས། སྒོ་འགྲམ་གྱི་བོད་ལུགས་གསོ་རིག་སྨན་ཁང་འདི་ཡོད་པས་ང་ཚོས་ཐག་ཉེ་སར་སྤུས་ལེགས་དང་སྟབས་བདེ་བའི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པས་ཧ་ཅང་སྟབས་བདེ་པོ་འདུག་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།
བོད་ལུགས་གསོ་རིག་སྨན་ཁང་དུ་འཛུལ་སྐབས། བོད་སྨན་ལ་དམིགས་བསལ་དུ་ཡོད་པའི་རྩྭ་སྨན་གྱི་དྲི་ཞིམ་འཐུལ་ཡོང་། བརྟག་བཅོས་ཁང་དུ་ཧྥན་ཁང་སྨན་རྩིས་ཁང་གི་རིགས་གཅིག་མཁས་ཅན་ཨོ་ཡོ་བསོད་ནམས་ཚེ་རིང་གིས་ཡུལ་མིར་རྩ་ལྟ་བཞིན་འདུག ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་སྨན་རྩིས་ཁང་ནས་རྒན་ཡོལ་ཞུས་པའི་ཁོང་གིས་ད་ཆ་ཉིན་ལྟར་སྔ་དྲོ་སྡེ་ཁུལ་དུ་ནད་ལྟ་བ་དང་། ཕྱི་དྲོ་ཧྥན་ཁང་སྨན་རྩིས་ཁང་དུ་ལོག་ནས་རྩད་ཆོད་དཀའ་བའི་ནད་རིགས་ལ་ལྷན་འཛོམས་ནད་དཔྱད་བྱེད་ཀྱི་ཡོད།
“སྡེ་ཁུལ་གྱི་ནད་པར་གཅོང་ནད་གསོ་རྒྱུ་གཙོ་བོར་བྱེད་པ་དང་། སྨན་ཁང་གིས་ཉེན་ཚབས་ཆེ་བའི་ནད་གཞི་སྐྱོབ་བཅོས་ལ་གཞོལ་གྱི་ཡོད། ‘ཕྱོགས་གཉིས་སྤོ་སྒྱུར་སྨན་བཅོས’བྱས་པ་བརྒྱུད་བྱེད་ནུས་གསབ་རེས་ཐུབ་ཡོད”བོད་ལུགས་གསོ་རིག་སྨན་ཁང་དང་ཧྥན་ཁང་སྨན་རྩིས་ཁང་དབར་བར་ཐག་གྱང་གཅིག་ལས་མེད། གལ་ཏེ་ནད་པ་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་དགོས་ཚེ་འཕྲལ་དུ་ཐོགས་མེད་བགྲོད་ལམ་ནས་སྨན་ཁང་སྒྱུར་ཐུབ་པ་དང་། “ནད་ཆུང་སྡེ་ཁུལ་དུ་བཅོས་པ་དང་ནད་ཆེན་སྨན་ཁང་དུ་བཅོས་པའི”རིམ་པ་དབྱེ་ནས་སྨན་བཅོས་བྱེད་ཐུབ་ཅེས་ཨོ་ཡོ་བསོད་ནམས་ཚེ་རིང་གིས་སྨན་ཐོ་ལེགས་སྒྲིག་བྱེད་ཞོར་དུ་ངོ་སྤྲོད་བྱས།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་གྲོང་གསར་སྡེ་ཁུལ་ཡུལ་མི་ཨུ་ལྷན་གྱི་ཀྲུའུ་རེན་ལྷག་པ་སྒྲོལ་མས། རྒན་རྒོན་ཚོགས་སྤྱིའི“སྨན་པ་བསྟེན་དཀའ་བ་དང་སྨན་ལེན་ཐག་རིང་བའི”དོན་དངོས་ལ་དམིགས་ནས། སྡེ་ཁུལ་གྱིས་ཧྥན་ཁང་སྨན་རྩིས་ཁང་དང་མཉམ་འབྲེལ་བྱས་ནས་སྔོན་ལ་སྡེ་ཁུལ་བོད་ལུགས་གསོ་རིག་སྨན་ཁང་འཛུགས་རྒྱུའི་ཚོད་ལྟ་བྱས་ཡོད། བོད་ལུགས་གསོ་རིག་སྨན་ཁང་དུ་རྩ་བརྟག་ནད་དཔྱད་ལས་སྟེགས་དང་། གནས་སྐབས་སྨན་བཅོས་ཉལ་ཁྲི། ཚད་ལྡན་ཅན་གྱི་བོད་སྨན་སྒམ་བཅས་བཀོད་སྒྲིག་བྱས་ཡོད། ཆམ་ནད་སོགས་རྒྱུན་མཐོང་གི་ནད་ཕུད། ཁྲག་ཤེད་མཐོ་བའི་ནད་དང་གྲུམ་བུའི་ནད་སོགས་གཅོང་ནད་ཀྱང་འདི་གར་སྨན་བཅོས་བྱེད་ཆོག་པས་ཡུལ་མིའི་རྒྱུན་ལྡན་གྱི་སྨན་བཅོས་དང་སྨན་སྤྱོད་ཀྱི་དགོས་མཁོ་གཞི་རྩའི་ཆར“གཅིག་འཐུས་རྣམ་པའི”སྒོ་ནས་ཐག་གཅོད་བྱེད་ཐུབ་ཅེས་ངོ་སྤྲོད་བྱས།
ཡུལ་མིའི་སྨན་བཅོས་བྱེད་པའི་མ་གནས་དམའ་རུ་གཏོང་ཆེད། བོད་ལུགས་གསོ་རིག་སྨན་ཁང་གི་སྨན་བཅོས་རྣམ་གྲངས་ཚང་མ་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་ཁྱབ་ཁོངས་ནང་བཅུག་པ་མ་ཟད། མ་མཐའི་འཚོ་བའི་འགན་ལེན་དུད་ཚང་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་དམིགས་ནས་རིན་པ་མི་དགོས་པར་བོད་སྨན་གྱི་སྦྱར་སྨན་དང་གསེར་ཁབ་ཀྱི་གསོ་བཅོས་སོགས་དམངས་ཕན་ཞབས་ཞུ་ཁྱབ་སྤེལ་བཏང་ཡོད། ས་ནས་དེ་གེའི་ཡུལ་མི་ཕུད་ད་དུང་ལྷ་སར་ཡུལ་སྐོར་དུ་ཡོང་བའི་ཡུལ་སྐོར་བ་མི་ཉུང་བ་ཞིག་ས་མཐོར་མ་འཕྲོད་པའི་དབང་གིས་སྨན་བཅོས་བྱེད་པར་ཡོང་གི་ཡོད། “ང་ཚོའི་ཁོངས་གཏོགས་ཁུལ་དུ་གསོལ་མགྲོན་ཁང་དང་མགྲོན་ཁང་མང་པོ་ཡོད་པས། སྡེ་ཁུལ་གྱི་བོད་ལུགས་གསོ་རིག་སྨན་ཁང་གིས་ཡུལ་སྐོར་བར་གློ་བུར་དུ་ལུས་པོ་མི་བདེ་བའི་རྐྱེན་གྱིས་ཐག་ཉེ་སར་སྨན་བཅོས་བྱེད་དགོས་པའི་རེ་བ་སྐོང་ཐུབ”མ་འོངས་པར་སྡེ་ཁུལ་གྱི་བོད་ལུགས་གསོ་རིག་སྨན་ཁང་གིས་གཞི་རིམ་གྱི་སྨན་བཅོས་ཞབས་ཞུ་ཕྱོགས་ཡོངས་སུ་ཁྱབ་པར་བྱ་རྒྱུ་རེད་ཅེས་ལྷག་པ་སྒྲོལ་མས་བརྗོད།
གཞན་ཡང་། བོད་ལུགས་གསོ་རིག་སྨན་ཁང་གིས་ད་དུང་ཁོངས་གཏོགས་ཁུལ་གྱི་གཙོ་གནད་མི་ཚོགས་ལ་གློག་རྡུལ་བདེ་ཐང་ཡིག་ཚགས་བཟོས་ཏེ་ཁ་པར་ནས་འདྲི་བ་དང་སྒོ་རྩར་སྨན་བཅོས་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་དུས་བཀག་ལྟར་བདེ་ཐང་གནས་ཚུལ་ལ་རྗེས་སྙེག་བྱས་པ་མ་ཟད། དུས་ཚིགས་རང་བཞིན་གྱི་ནད་རིགས་མང་བར་དམིཌ་ནས་སྔོན་འགོག་རང་བཞིན་གྱི་བོད་སྨན་དྲི་ཞིམ་སྨན་ཁུག་དང་རྐང་ཁྲུས་ཁུག་མ་སྔོན་དུ་སྤྲོད་ཀྱི་ཡོད། “ད་ལྟ་སྡེ་ཁུལ་གྱི་ཡུལ་མི་དག་བདེ་ཐང་གི་འཆད་ཁྲིད་ཉན་པར་ཡང་ས་ཡོང་གི་ཡོད། འདི་ནི་ང་ཚོས་མཐོང་འདོད་པའི་འགྱུར་ལྡོག་ཉམས་དགའ་བ་ཞིག་རེད”ཅེས་ལྷག་པ་སྒྲོལ་མས་དགོད་བཞིན་དུ་བཤད།
“ནད་པས་སྨན་པའི་རྗེས་སུ་རྒྱུག་པ”ནས“སྨན་པས་ནད་པའི་སར་སྐྱོད་པའི”བར་གྱི་གྲྭ་བཞི་གྲོང་གསར་སྡེ་ཁུལ་གྱི་བོད་ལུགས་གསོ་རིག་སྨན་ཁང་གི་སྨན་བཅོས་ལག་ལེན་གྱི་ཐད་ནས་གཞི་རིམ་སྨན་བཅོས་སྒྱུར་བཅོས་ཀྱི་དམངས་འཚོའི་དྲོད་ཚད་མཚོན་པ་རེད།