སྡོད་སའི་ཁང་པ་ཡོད་པ་ནས་ཁང་པ་ཡག་པོ་ཡོད་པའི་བར།
—— ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་གིས་ཞིང་པའི་ཁང་པ་སྒྱུར་བཀོད་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།
ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་པད་མ་གྲོང་རྡལ་ས་དམར་གྲོང་ཚོའི་དཔའ་དུང་རང་བྱུང་གྲོང་ཚོར“སྲིད་གཞུང་གིས་ཁྲིད་སྟོན་དང་མང་ཚོགས་ཞུགས་པ་ཟུང་འབྲེལ”གྱི་རྣམ་པའི་ཐོག་ནས་ཞིང་པའི་ཁང་པ་སྒྱུར་བཀོད་བྱེད་བཞིན་ཡོད་པ་དེས་མི་རིང་བར་ཞིང་འབྲོག་དུད་ཁྱིམ་48ལ་ཁང་པ་གསར་པའི་ནང་འཚོ་བ་གསར་པ་སྐྱེལ་རྒྱུ་ཡོང་རྒྱུ་རེད།
དཔའ་དུང་རང་བྱུང་གྲོང་ཚོར་སྐྱོད་སྐབས། ཁང་པ་རྒྱག་ཡུལ་དུ་ཚ་ཚ་འུར་འུར་གྱི་ལས་བྲེལ་རྣམ་པས་ཁེངས་ཤིང་། ད་ཆ་བསྐྱར་སྐྲུན་དུད་ཚང་18ཀྱི་ཁང་པའི་རྩིག་རྨང་བཏིང་ནས་སྒྲོམ་གཞི་གཙོ་བོ་བསླངས་ཟིན་པ་དང་། ཉམས་བཟོའི་དུད་ཚང་30ཡིས་དུས་ཚོད་དམ་འཛིན་གྱིས་ཨར་རྒྱག་གྲ་སྒྲིག་བྱེད་བཞིན་ཡོད། ཡུལ་མི་ཏེང་ཡེ་ཡིས་ཨར་འདམ་བརྫི་ཞོར་དུ“སྲིད་གཞུང་ནས་ང་ཚོའི་ཁྱིམ་ཚང་ལ་ཁ་གསབ་སྒོར་ཁྲི་15.5གནང་བྱུང་། དེའི་ཁར་ལག་རྩལ་པས་ས་གནས་ས་ཐོག་ཏུ་དམར་ཁྲིད་བྱེད་པ་དང་ང་ཚོས་མི་དང་ནུས་ཤུགས་བཏོན་ཙང་ཁང་པ་གསར་པ་ཉིན་རེ་ལས་མ་འདས་པར་སྐྲུན་ཟིན་ལ་ཉེ་བས་ཚང་མའི་ལས་ཀ་བྱེད་སེམས་ཆེན་པོ་འདུག”ཅེས་བཤད།
དཔའ་ཤོད་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཅང་ལེང་གིས། ད་ཐེངས་ཞིང་པའི་ཁང་པ་སྒྱུར་བཀོད་བྱེད་པར་སྲིད་གཞུང་ནས་སྒོར་ཁྲི་443གཏོང་རྒྱུའི་འཆར་གཞི་ཡོད་པ་དང་མང་ཚོགས་རང་ངོས་ནས་སྒོར་ཁྲི་100ལྷག་ཙམ་གྲབས་གསོག་བྱས་ཏེ“གཅིག་གྱུར་འཆར་འགོད་ཀྱིས་རང་སྐྲུན་དང་། ཁག་ཐེངས་དབྱེ་ནས་ལག་བསྟར”གྱི་རྩ་དོན་གཞིར་བཟུང“སྲིད་ཇུས་མཁོ་འདོན་དང་རྩ་འཛུགས་ཀྱིས་འགན་སྲུང”ལམ་སྲོལ་བཙུགས་ནས། སྔོན་ཆད་ཞིང་པའི་ཁང་པ་སྒྱུར་བཀོད་ཐད་ཀྱི“སྲིད་གཞུང་གིས་ལས་འགན་གཙང་ལེན་དང་མང་ཚོགས་སྐུལ་སློང་གིས་ཞུགས་པའི”དཀའ་གནད་བསལ་ཡོད། དེ་དང་ཆབས་ཅིག “སྲིད་གཞུང་ནས་ཁ་གསབ་སྤྲོད་པ་དང་། མང་ཚོགས་ཀྱིས་རང་གྲབས་བྱེད་པ། ངལ་ནུས་འདོན་པ་བཅས་ཟུང་དུ་འབྲེལ་བའི”བྱེད་ཐབས་བརྒྱུད་མང་ཚོགས་ཀྱི་དཔལ་འབྱོར་གྱི་ཁུར་པོ་ཡང་དུ་བཏང་བ་མ་ཟད། “རང་ཉིད་ཀྱི་ཁྱིམ་གཞིས་རང་ཉིད་ཀྱིས་སྐྲུན་པའི”མང་ཚོགས་ཀྱི་བདག་པོའི་འདུ་ཤེས་ཀྱང་ཟབ་ཏུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས།
“སྒྱུར་བཀོད་བྱས་པའི་ཞིང་པའི་ཁང་པ་བདེ་འཇགས་ལྡན་པ་མ་ཟད། ད་དུང་སྐྱིད་པོ་ཡོད་དགོས”དཔའ་ཤོད་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་དོན་གྲུབ་ཀྱིས། སྒྱུར་བཀོད་བྱས་རྗེས་ཀྱི་ཁང་པར་གསང་སྤྱོད་དང་། ཁྲུས་ཁང་། གཡབ་སྟེང་སོགས་ལོགས་སུ་བཟོ་རྒྱུ་མ་ཟད། བོད་བཟོའི་ཐབ་ཚང་སོགས་སྲོལ་རྒྱུན་གྱི་བྱེད་ནུས་ཁུལ་རང་སོར་འཇོག་རྒྱུ་ཡིན། སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་ནུས་ལྡན་བྱས་པའི་ཁང་པ་རྒྱག་སྟངས་དེ་རིགས་ཀྱིས་རིག་གནས་ཀྱི་རྩ་བ་མ་བརླགས་པར་འཚོ་བའི་སྤུས་ཚད་ལེགས་སུ་བཏང་ཡོད་ཅེས་ངོ་སྤྲོད་བྱས།
ངོ་སྤྲོད་བྱས་པར་གཞིགས་ན། དཔའ་ཤོད་རྫོང་གིས་ཞིང་པའི་ཁང་པའི་སྤུས་ཚད་དང་བདེ་འཇགས་ཀྱི་ཡུན་རིང་བདག་སྐྱོང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཡུལ་མི་ཚོར་སྡོད་སའི་ཁང་པ་ཡོད་པ་ནས་ཁང་པ་ཡག་པོ་ཡོད་པའི་བར་མཆོང་སྐྱོད་ཡོང་རྒྱུར་སྐུལ་འདེད་བཏང་སྟེ“ས་མཐོའི་སྡོད་ཁང་གསར་པ”དེ་གྲོང་གསེབ་དར་རྒྱས་ཀྱི་བདེ་སྐྱིད་ཀྱི་གཞི་རྟེན་དུ་དངོས་སུ་འགྱུར་བར་བྱ་རྒྱུ་ཡིན་པ་རེད།