ཟླ་བ་དང་པོ་ནས་བཞི་པའི་བར།
བོད་ཀྱི་ནོར་སྲིད་གཏོང་ཡོང་གི་དམིགས་ཚད་གཙོ་བོ་གསུམ་གྱི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ།
ཉེ་ཆར། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། འདི་ལོའི་ཟླ་1པོ་ནས་4པའི་བར། རང་ལྗོངས་ཀྱི་ནོར་སྲིད་གཏོང་ཡོང་གི་དམིགས་ཚད་གཙོ་བོ་གསུམ་གྱི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། དེའི་ནང་གཏོང་སྒོའི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གསུམ་པར་སླེབས་པ་དང་། ཡོང་སྒོའི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་པ། ཁྲལ་བསྡུའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པས། རྒྱལ་ཡོངས་ཀྱི་ཁྲལ་བསྡུའི་ཡོང་འབབ་གྲངས་གནས་གཉིས་འཕར་བའི་ཞིང་ཆེན་གཅིག་པུ་དེར་གྱུར་ཡོད།
འདི་ལོའི་ཟླ་1པོ་ནས་4པའི་བར། ནོར་སྲིད་གཏོང་ཡོང་ལ་གྲུབ་འབྲས་ཐོབ་པ་ནི་གཙོ་བོ་རང་ལྗོངས་ཀྱིས་ནོར་སྲིད་ལས་དོན་ཐད་གནད་ལ་འཁེལ་པོས་ནུས་ཤུགས་བཏོན་པ་དང་གྲངས་ཚད་དང་སྤུས་ཚད་གཉིས་ཀ་མཐོ་རུ་ཕྱིན་པ་ལས་བྱུང་བ་ཞིག་རེད།
ད་ལོ་ནས་བཟུང་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་ནན་པོར་གཞིགས་ནས། ནོར་སྲིད་ཐོན་ཁུངས་དང་སྔོན་རྩིས་ལ་སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དེ་བས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱེད་པ། རྒྱུན་མཐུད་ཤུགས་སྣོན་རྒྱག་པ། སྲིད་ཇུས་ཀྱི“སྣ་འདུས་ཐབས་བཟང”ཡག་པོ་སྤྱོད་པ་བཅས་བྱས་ནས་ནོར་སྲིད་ཡོང་སྒོ་རྒྱུན་མཐུད་འཕར་བའི་རྣམ་པར་སྐུལ་འདེད་ཧུར་ཐག་བཏང་བ་དང་གཏོང་སྒོའི་ཤུགས་ཚད་ཅུང་ཆེ་བ་དང་མྱུར་ཚད་ཅུང་མགྱོགས་པོ་རྒྱུན་འཁྱོངས་བྱས་ཡོད།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔོན་རྩིས་ལག་བསྟར་ལས་དོན་ལ་སྐུལ་འདེད་རྒྱུན་མཐུད་བཏང་སྟེ། ནོར་སྲིད་ཁོངས་གཏོགས་ཀྱིས་གཅིག་སྡུད་གསོ་སྦྱོང་དང་། སྔོན་ནས་ཚོད་རྩིས། ལྟ་སྐུལ་སྒྲུབ་སྐུལ་སོགས་ཀྱི་བྱེད་ཐབས་བརྒྱུད་མ་དངུལ་བགོ་བཤའ་དང་སྒྱུར་སྤྲོད་གཤམ་སྤྲོད་རྒྱུན་མཐུད་མགྱོགས་སུ་བཏང་ཡོད། མིག་སྔའི་བར་ལྗོངས་ཡོངས་ཀྱིས་ཀྲུང་དབྱང་གི་སྒྱུར་སྤྲོད་མ་དངུལ་སྒོར་དུང་ཕྱུར་2037.59བགོ་བཤའ་བརྒྱབ་ནས་གཤམ་སྤྲོད་བྱས་པ་དང་གཤམ་སྤྲོད་བྱེད་ཚད་90.2%ཟིན་ནས་བགོ་བཤའི་གོ་ཆོད་དུས་ཡུན་ཆེས་ཆེར་རིང་དུ་ཕྱིན་ཏེ་གཏོང་སྒོའི་ཤུགས་ཚད་རྒྱུན་འཁྱོངས་དང་། རྣམ་གྲངས་འཛུགས་སྐྲུན་མགྱོགས་སུ་གཏོང་བ། དམངས་འཚོ་ལེགས་སུ་གཏོང་བ་དང་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་ལ་འདེགས་སྐྱོར་བྱས་ཡོད། ཞིང་ནགས་ཆུ་གསུམ་དང་། སྤྱི་ཚོགས་འགན་སྲུང་དང་། ལས་ཞུགས། སློབ་གསོ་སོགས་ཀྱི་གཙོ་གནད་དམངས་འཚོའི་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་758.84ཟིན་པ་དེས་ལྗོངས་ཡོངས་ཀྱི་གཏོང་སྒོའི་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་84%བར་སྔར་བས་མཐོ་རུ་ཕྱིན་ནས། ནོར་སྲིད་མ་དངུལ་དེ་དམངས་ཀྱི་ས་ནས་བསྡུས་ཏེ་དམངས་ཀྱི་དོན་དུ་སྤྱོད་པ་མངོན་འགྱུར་བྱུང་ཡོད།