ཀྲུང་གོ་གུང་ཁྲན་ཏང་དང་མཐའ་འཁོར་རྒྱལ་ཁབ་ཀྱི་སྲིད་ཏང་དབར་གྱི་སྐད་ཆ་ཤོད་རེས་ཀྱི་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
ཟླ་5ཚེས་25དང་ཚེས་26ཉིན། “མཐའ་འཁོར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར། སྲིད་ཏང་གིས་བྱ་སྤྱོད་སྤེལ་བཞིན་ཡོད”ཅེས་པའི་བརྗོད་དོན་གཙོ་བོའི་ཀྲུང་གོ་གུང་ཁྲན་ཏང་དང་མཐའ་འཁོར་རྒྱལ་ཁབ་ཀྱི་སྲིད་ཏང་དབར་གྱི་སྐད་ཆ་ཤོད་རེས་ཀྱི་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། རྒྱལ་ཁབ་29ནས་ཡོང་བའི་སྲིད་ཏང་དང་སྲིད་གཞུང་། ཇུས་འདོན་ཚོགས་པ། སྨྱན་སྦྱོར། ཚོང་དོན་ལས་རིགས་བཅས་ཀྱི་འཐུས་མི་200ལྷག་ཙམ་ཚོགས་འདུར་ཞུགས་པ་དང་འབྲེལ་སྤེལ་རེས་གཏིང་ཟབ་ཀྱང་བྱས་པ་རེད། ཚོགས་ཞུགས་ཕྱི་རྒྱལ་སྐུ་མགྲོན་གྱིས། ཀྲུང་གོ་གུང་ཁྲན་ཏང་དང་མཐའ་འཁོར་རྒྱལ་ཁབ་ཀྱི་སྲིད་ཏང་དབར་མཉམ་ལས་སྤེལ་རེས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་འཐབ་ཇུས་འབྲེལ་གཏུག་དང་མཐུན་སྒྲིལ་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་མཐའ་འཁོར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་འདོད་ཡོད་ཅེས་བརྗོད་པ་རེད།
“ཨེ་ཤེ་ཡའི་ཞི་བདེ་འཕེལ་རྒྱས་ལ་སྒུལ་ཤུགས་དང་ཡིད་ཆེས་རྒྱུན་མཐུད་ནས་བསྣན་པ”
སྐད་ཆ་ཤོད་རེས་ཀྱི་ཚོགས་འདུའི་ཐོག་གྲོས་འཆམ་བྱུང་བའི《མཐའ་འཁོར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་རམ་འདེགས་བྱ་རྒྱུའི་སྐོར་གྱི་ཀྲུང་གོ་གུང་ཁྲན་ཏང་དང་མཐའ་འཁོར་རྒྱལ་ཁབ་ཀྱི་སྲིད་ཏང་གི་ཐུན་མོང་གྲོས་འགོའི》ནང་ནན་བཤད་བྱས་དོན། མཐའ་འཁོར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་རྒྱུ་ནི་འགན་སྲུང་གལ་ཆེན་ཡིན་པ་དང་། བཅོས་སྐྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་སྣོན་རྒྱག་རྒྱུ་ནི་ནང་གནས་ཀྱི་དགོས་མཁོ་ཡིན་པ། འཕེལ་རྒྱས་དང་མཉམ་འདྲེས་ཟབ་ཏུ་གཏོང་རྒྱུ་ནི་འགག་རྩའི་འདེགས་སྐྱོར་ཡིན་པ། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ནི་སྔོན་འགྲོའི་ཆ་རྐྱེན་དང་པོ་ཡིན་པ། མི་ཆོས་རིག་གནས་སྤེལ་རེས་དང་ཤེས་རིག་ཕན་ཚུན་དཔྱད་གཞིར་འཛིན་པ་ནི་འབྲེལ་ཐག་གལ་ཆེན་ཞིག་ཡིན། གྲོས་འགོའི་ནང་མཐའ་འཁོར་རྒྱལ་ཁབ་ཀྱི་སྲིད་ཏང་གིས་མཐའ་འཁོར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་དེ་ཞིབ་ཕྲའི་བྱ་སྤྱོད་ལ་བསྒྱུར་ནས་ས་ཁུལ་དང་རྒྱལ་ཁབ་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་རྒྱུའི་འབོད་སྐུལ་བྱས་ཡོད།
ནེ་པ་ལའི་ཙུང་ཐུང་ཟུར་པ་པན་ཏ་ལི་ཡིས་བརྗོད་དོན། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཉམས་མྱོང་དང་དེང་གི་ལག་ལེན་གྱིས་ནེ་པ་ལའི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཐད་དཔྱད་གཞིར་འཛིན་པའི་དོན་སྙིང་གལ་ཆེན་ལྡན་ཡོད་ལ། འཛམ་གླིང་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་གིས་དེང་རབས་ཅན་གྱི་བགྲོད་ལམ་འཚོལ་ཞིབ་བྱེད་པར་དཔྱད་གཞི་གལ་ཆེན་མཁོ་འདོན་ཡང་བྱས་ཡོད། ཀྲུང་གོས་ཁྱིམ་མཚེས་རྒྱལ་ཁབ་དང་མཐའ་འཁོར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་གཞོལ་ནས་ས་ཁུལ་དང་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་རོགས་རེས་དང་ཐུན་མོང་ཐོག་ཨེ་ཤེ་ཡ་འཛུགས་སྐྲུན་བྱེད་པར་མིག་དཔེ་གལ་ཆེན་བསྟན་ཡོད།
“ཞི་བདེར་དགའ་ཞེན་དང་། ཕན་ཚུན་བརྩི་འཇོག ལྟ་སྟངས་འདྲ་མཉམ་འཛིན་པ་བཅས་ཀྱི་ཀྲུང་གོའི་རིག་གནས་དང་ཕྱི་འབྲེལ་གྱི་སྲོལ་རྒྱུན་ད་བར་རྒྱུན་འཛིན་བྱས་ནས་ཨེ་ཤེ་ཡའི་ཞི་བདེ་འཕེལ་རྒྱས་ལ་སྒུལ་ཤུགས་དང་ཡིད་ཆེས་རྒྱུན་མཐུད་བསྣན་ཡོད” ཧིན་རྡུ་ཉི་ཞི་ཡའི་ཧིན་རྡུ་ཉི་ཞི་ཡ་ཆེན་པོའི་བྱ་སྤྱོད་ཏང་གི་དྲུང་ཆེ་དང་མི་དམངས་གྲོས་མོལ་ཚོགས་འདུའི་ཀྲུའུ་ཞི་མུའུ་ཀྲ་ཉི་ཡིས། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་དང་དེ་བཞིན་ས་ཁུལ་གྱི་རྒྱལ་ཁབ་ཁག་གི་ཆབ་སྲིད་དང་། སྤྱི་ཚོགས། དཔལ་འབྱོར་བཅས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་འབྲེལ་བ་སྔར་ལས་ཟབ་ཏུ་གཏོང་བ་དང་ས་ཁོངས་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ལ་ཐུན་མོང་ཐོག་འདེགས་སྐྱོར་བྱས་ཏེ། ལག་གདང་སྦྲེལ་ནས་ཨེ་ཤེ་ཡ་འདི་ཉིད་རེ་བས་ཁེངས་ཤིང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་ཏུ་སྐྲུན་འདོད་ཡོད་ཅེས་བརྗོད།
“མཐའ་འཁོར་རྒྱལ་ཁབ་ཀྱི་སྲིད་ཏང་ལ་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་པ”
ད་ལོའི་ཟླ་3པར། ཀྲུང་གོ་གུང་ཁྲན་ཏང་དང་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཁེ་ལས་པ་དང་བཟོ་ལས་ལས་རིགས་མི་སྣའི་ལས་འགུལ་ཏེ། རང་དབང་དམངས་གཙོ་ཏང(གཤམ་ལ“ཨུ་ཟ་བྷེ་ཁི་སི་ཐན་རང་དབང་དམངས་གཙོ་ཏང”ཞེས་བསྡུ་རྒྱུ)དབར་སྤེལ་རེས་མཉམ་ལས་ཀྱི་བརྗེད་ཐོར་མིང་རྟགས་བཀོད་པ་རེད། ཨུ་ཟ་བྷེ་ཁི་སི་ཐན་རང་དབང་དམངས་གཙོ་ཏང་གི་ཀྲུའུ་ཞི་ཧའེ་ཐུའོ་ཧྥུའུ་ཡིས། སྤེལ་རེས་མཉམ་ལས་ཀྱི་བརྗེད་ཐོར་མིང་རྟགས་བཀོད་པ་དེས་སྲིད་ཏང་ཕན་ཚུན་དབར་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། ཉམས་མྱོང་སྤེལ་རེས་ཟབ་ཏུ་གཏོང་བ། གཉིས་ཕན་དང་ཕན་ཚུན་ཡིད་ཆེས་རྨང་གཞིར་བྱས་པའི་སྲིད་ཏང་གི་འབྲེལ་བ་གསར་པ་འཛུགས་པ་བཅས་ལ་རྨང་གཞི་བརྟན་པོ་བཏིང་ཡོད་པ་དང་། “ཀྲུང་གོ་གུང་ཁྲན་ཏང་གིས་ཕྱི་ཕྱོགས་ལ་འགྲོ་འོང་ཧུར་ཐག་བྱས་ཏེ་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད”ཅེས་བརྗོད་པ་དང་། ཧའེ་ཐུའོ་ཧྥུའུ་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག ཀྲུང་གོ་འདི་ཉིད་ཨེ་ཤེ་ཡ་དང་ཐ་ན་འཛམ་གླིང་ཞི་བདེ་འཕེལ་རྒྱས་ཀྱི་འགག་རྩའི་བརྟན་བརླིང་རང་བཞིན་གྱི་སྟོབས་ཤུགས་ཤིག་ཏུ་འགྱུར་བཞིན་ཡོད་ཅེས་བརྗོད།
“དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་དང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ཀྲུང་གོ་གུང་ཁྲན་ཏང་གི་ཉམས་མྱོང་རྩ་ཆེན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཡོད་པ་ཞིག་འདུག”སི་རི་ལན་ཁའི་མི་དམངས་བཅིངས་འགྲོལ་འཐབ་ཕྱོགས་མཱ་ཐེ་ལའེ་ས་ཁུལ་གྱི་སྐོང་ཚོགས་པ་དང་སྲིད་གཞུང་གི་ནང་བསྟན་དང་། ཆོས་ལུགས། རིག་གནས་བཅས་པུའི་པུའུ་ཀྲང་གཞོན་པ་ཀན་མན་ཀེ་ཏེ་ལཱ·ཏི་ས་ནཱ་ཡཱ་ཁེས། སི་རི་ལན་ཁའི་མི་དམངས་བཅིངས་འགྲོལ་འཐབ་ཕྱོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དང་སྤེལ་རེས་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོའི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྔར་བས་སློབ་སྦྱོང་བྱས་ནས་ཕྱོགས་གཉིས་པོའི་དབར་དཔལ་འབྱོར་ཚོང་དོན་དང་། ཞིང་ལས། ནུས་རྒྱུ། དམངས་འཚོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད།
“མཐའ་འཁོར་རྒྱལ་ཁབ་ལ‘སྒོ་དབྱེའི་ཕན་བདེ’འབོར་ཆེན་བཏོད་པ”
ཟླ་5ཚེས་25ཉིན་གྱི་ས་སྲོད་ལ། ཐུན་མོང་མ་ཡིན་པའི“རྫིང་བུའི་ངོགས་ཀྱི་གླེང་མོལ”ཀྲུང་གོ་སྐྱེད་ཚལ་རྟེན་མཛོད་ཁང་དུ་འཚོགས་་པ་རེད། ཕྱི་རྒྱལ་གྱི་འཐུས་མི་50ལྷག་ཙམ་གྱིས་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཅང་ཞའོ་ཅོན་དང་ངོ་ཐུག་གདོང་འཕྲད་ཀྱི་སྤེལ་རེས་བྱས་ནས་ཀྲུང་གོའི་དཔལ་འབྱོར་གྱི་ད་ལྟའི་གནས་ཚུལ་དང་མདུན་ལམ་ལ་དམིགས་ཏེ་གླེང་མོལ་གཏིང་ཟབ་བྱས་པ་རེད།
ཅང་ཞའོ་ཅོན་གྱིས། སྒྱུར་བཅོས་སྒོ་དབྱེའི་ཐོག་མའི་དུས་སུ་ཀྲུང་གོས་ཕྱི་རྒྱལ་གྱི་མ་དངུལ་འགུག་ཤུགས་ཆེ་རུ་བཏང་བ་དང་སློབ་གསོར་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཤེས་ལྡན་པ་གསོ་སྐྱོང་བྱས་པའི་ཉམས་མྱོང་མཉམ་སྤྱོད་བྱས་པ་རེད། ཨའེ་ཧ་མའེ་ཏེ་ཡིས་ཐོས་རྗེས་མགོ་བོ་ལྕོག་ལྕོག་བྱས་ནས་མོས་པ་ཆེན་པོ་བྱུང་ཞིང་། ཁོང་གིས་ཕ་ཁི་སི་ཐན་གྱིས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་སོགས་རྣམ་གྲངས་བརྒྱུད་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་གཏིང་ཟབ་ཞུགས་ནས་བསྟུན་མཁས་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོ་ནི་འཛམ་གླིང་ཡོ་ལང་ཁྲོད་ཀྱི་བརྟན་ལྷིང་སྟོབས་ཤུགས་ཤིག་དང་ཕ་ཁི་སི་ཐན་གྱི་ཡིད་རྟོན་རུང་བའི་འཕེལ་རྒྱས་རོགས་ཟླ་གལ་ཆེན་ཞིག་རེད་ཅེས་བརྗོད།
སིང་ཀ་ཕོར་ཁྲིམས་སྲིད་པུའུ་དང་འགྲིམ་འགྲུལ་པུའི་མཐོ་རིམ་སྲིད་དོན་པུའུ་ཀྲང་གཅིག་ལྕོགས་མུའུ་རེན་ལི་ཡིས། ཀྲུང་གོས་ཕྱི་ཕྱོགས་སྒོ་དབྱེ་མཐའ་འཁྱོངས་དང་ལག་རྩལ་གསར་གཏོད་ལ་སྐུལ་འདེད་བཏང་སྟེ་ཨེ་ཤེ་ཡའི་རྒྱལ་ཁབ་ལ་འཕེལ་རྒྱས་ཀྱི་གོ་སྐབས་བཏོད་ཡོད། “ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་སྲིད་ཏང་གིས་ངེས་པར་དུ་སྣེ་ཁྲིད་ཀྱི་ནུས་པ་ཧུར་ཐག་བཏོན་ཏེ་གནམ་གཤིས་འགྱུར་ལྡོག་དང་། སྤྱི་པའི་འཕྲོད་བསྟེན། མི་ཐབས་རིག་ནུས་བཀོལ་སྤྱོད་སོགས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཁྱབ་ཁོངས་གལ་ཆེན་ཁྲོད་ཀྱི་ས་ཁོངས་མཉམ་ལས་ལ་སྐུལ་འདེད་གཏོང་དགོས”ཞེས་བརྗོད།
“ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་མཐའ་འཁྱོངས་བྱས་ནས་མཐའ་འཁོར་རྒྱལ་ཁབ་ལ‘སྒོ་དབྱེའི་ཁེ་ཕན’འབོར་ཆེན་བཏོད་ཡོད” ཐེ་ལན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཟུར་པ་དང་ཐེ་ཀྲུང་རིག་གནས་དང་དཔལ་འབྱོར་མཐུན་ཚོགས་ཀྱི་ཚོགས་གཙོ་ཕེ་ཆིན·ཕེང་ལཱ་ཅུན་གྱིས། ཀྲུང་གོ་ནི་ཐེ་ལན་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་དང་པོ་དེ་ཡིན་པ་དང་། 《ས་ཁོངས་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》ཕྱོགས་ཡོངས་ནས་ནུས་ཐོན་ལག་བསྟར་བྱས་པ་དང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ་གྱི་པར་གཞི་3.0རིམ་སྤོར་གྲོས་མོལ་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་ལས་ཐེ་ཀྲུང་གི་གཉིས་ཁེ་གཉིས་ཕན་གྱི་བར་སྟོང་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ་མ་ཟད། ཕྱིས་སུ་བཟའ་བཅའ་ཉོ་ཚོང་དང་། བདེ་ཐང་ཞབས་ཞུ། ཡུལ་སྐོར་ལས་རིགས་སོགས་ཁྱབ་ཁོངས་སུ་ཡང་མཉམ་ལས་གཏིང་ཟབ་བྱས་ཆོག་ཅེས་བརྗོད།