ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཚོགས་འདུ་ཐེངས་གསུམ་པ་བདེ་བླག་ངང་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་ཞ་མོན་ནས་ཟླ་5ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཞ་མོན་དུ་ཁེ་རི་པ་སིའི་ཙུང་ཐུང་དང་ཕྱི་འབྲེལ་དཔོན་གཅིག་ལྕོགས་མཱ་མའོ་དང་ལྷན་དུ་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་ཡོད།
ཝང་དབྱི་ཡིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི“བརྩི་འཇོག་གང་ལེགས་བཞི”ནི་ཀྲུང་གོ་དང་གླིང་ཕྲན་རྒྱལ་ཁབ་དབར་གྱི་འབྲེལ་བའི་རྩ་བའི་གཞི་འཛིན་ས་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་འཐབ་ཇུས་མཛུབ་ཁྲིད་འོག ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་གསོན་ཤུགས་གསར་པ་མངོན་པ་དང་། གྲུབ་འབྲས་གསར་པ་ཐོབ་པ། སྐས་རིམ་གསར་པར་སླེབས་པ་བཅས་བྱུང་ཡོད།
ཝང་དབྱི་ཡིས་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་དབར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ཐད་གྲོས་འགོ་དྲུག་བཏོན་གནང་བ་སྟེ། གཅིག་ནི་ཕན་ཚུན་བརྩི་འཇོག་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། གླིང་ཕྲན་རྒྱལ་ཁབ་ཀྱིས་རང་ངོས་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། གླིང་ཕྲན་རྒྱལ་ཁབ་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མུ་མཐུད་བརྟན་པོ་སྲུང་བའི་ཡིད་ཆེས་ཡོད། གཉིས་ནི་འཕེལ་རྒྱས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་གྲོས་འགོ་མཉམ་དུ་དོན་འཁྱོལ་བྱས་ནས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གཏིང་ཟབ་ཡོང་བར་སྣེ་ཁྲིད་བྱེད་དགོས། ཕྱོགས་གཉིས་པོའི་རང་མོས་ཚོང་དོན་གྱི་གྲོས་ཆོད་ལ་གྲོས་མོལ་བྱེད་པར་སྐུལ་འདེད་མགྱོགས་པོ་གཏོང་དགོས། གསུམ་ནི་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། ལོ་འདིའི་ནང“ཆུང་ལ་ཡག་པའི”དམངས་འཚོའི་རྣམ་གྲངས་200ལག་ལེན་བསྟར་དགོས། བཞི་ནི་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། སྨྱན་སྦྱོར་དང་། གཞོན་ནུ། བུད་མེད། ལུས་རྩལ་སོགས་ཀྱི་ལས་དོན་སྤེལ་རེས་ལ་ཤུགས་སྣོན་རྒྱག་དགོས། ལྔ་ནི་འདྲ་མཉམ་དྲང་གཞག་མཐའ་འཁྱོངས་བྱེད་དགོས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། དྲུག་ནི་ཕྱར་བ་གྲུ་འདེགས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། ཀྲུང་གོ་ཕྱོགས་ཀྱིས་གླིང་ཕྲན་རྒྱལ་ཁབ་དང་མཉམ་དུ་གནམ་གཤིས་ལ་གོ་ལ་ཧྲིལ་པོས་བཅོས་སྐྱོང་བྱེད་པའི་ཁྲོད་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་པ་བཅས་རེད།
ཕྱི་རྒྱལ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་། “བརྩི་འཇོག་གང་ལེགས་བཞི”ཡི་རྩ་དོན། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་བཅས་ལ་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད། ཀྲུང་གོས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་བསྐྱར་བཤད་བྱས་ཡོད་པ་དང་། ཀྲུང་གོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་སོགས་ཐད་ཀྱི་ཉམས་མྱོང་དཔྱད་གཞིར་བཟུང་ནས་རྨང་གཞིའི་སྒྲིག་བཀོད་དང་གནམ་གཤིས་འགྱུར་ལྡོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་ཟབ་ཏུ་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།
ཕྱོགས་ཁག་གིས《ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུ་ཐེངས་གསུམ་པའི་མཉམ་འབྲེལ་གསལ་བསྒྲགས》ལ་གྲོས་འཆམ་གཅིག་མཐུན་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ད་དུང་ཕྱི་འབྲེལ་པུའུ་ཀྲང་ཚོགས་འདུའི་ཐོག་ཐུན་མོང་ངོས་འཛིན་བྱུང་བའི་བྱ་ཐབས་དོན་འཁྱོལ་བྱེད་པའི་གསལ་ཐོ་ཡོངས་བསྒྲགས་བྱས་ཡོད།