དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྣང་རྫོང་ལྡེམ་མོ་ཤང་གིས།

    རྣམ་གྲངས་མགྱོགས་པོ་བསྐྲུན་ནས་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-31

    སྔོག་འདོན་འཕྲུལ་འཁོར་དང་། ལྡུག་འཁོར། ལམ་བཅག་འཕྲུལ་འཁོར་སོགས་འཕྲུལ་འཁོར་སྣ་ཚོགས་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་པ་དང་ཨར་སྐྲུན་མཁན་གྱིས་རྣམ་གྲངས་སྐྲུན་ཡུལ་གྱི་འཐབ་ས་དང་པོར་འབད་འཐབ་བྱས་ཏེ་ལས་ཡུན་ལ་དམ་འཛིན་དང་། སྤུས་ཚད་འགན་ལེན། འཕེལ་རིམ་ལ་དམ་འཛིན་བཅས་བྱས་ནས་ཉིང་ཁྲི་གྲོང་ཁྱེར་གྱི་སྣང་རྫོང་གི་ལྡེམ་མོ་ནས་ལྷུན་རྩེའི་བར་གྱི་གཞུང་ལམ་རྣམ་གྲངས་བསྐྲུན་ཡུལ་དུ་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས་ཡོད།

    ཁྱོན་མ་དངུལ་སྒོར་དུང་ཕྱུར་1བཏང་བའི་ལྡེམ་མོ་ནས་ལྷུན་རྩེའི་བར་གྱི་གཞུང་ལམ་རྣམ་གྲངས་དེ་ནི་སྣང་རྫོང་གི་ལྡེམ་མོ་ཤང་གི་ཞིང་ཆེན་ལམ་S510ལམ་མདོ་ཁའི་ནུབ་བྱང་ནས་ཤར་ལྷོར་ཕྱོགས་ཏེ་ལྡེམ་མོ་ཤང་གི་མཚོ་དཀར་གྲོང་ཚོ་དང་། འབུམ་མདའ་གྲོང་ཚོ། སབ་ཆུང་གྲོང་ཚོ་དེ་བཞིན་གོང་མོ་ལ་བཅས་བརྒྱུད། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གི་རྒྱལ་ལམ་G219ལམ་མདོའི་བར་ཡིན་པ་དང་ལམ་ཐག་ཧྲིལ་པོར་རིང་ཚད་སྤྱི་ལེ་42.2དང་ཉིང་ཁྲིའི་དུམ་བུའི་ལམ་ཐག་ལ་རིང་ཚད་ལ་སྤྱི་ལེ་28.039ཟིན་གྱི་ཡོད།

    རྣམ་གྲངས་དང་པོ་དང་གཉིས་པ་བསྐྲུན་ཡུལ་ལྡེམ་མོ་ཤང་དུ་འཁེལ་བ་དང་། ཨར་སྐྲུན་བྱ་ཡུལ་དུ་ཧྲན་ཤིས་ལམ་ཟམ་ལས་གྲྭ་བཞི་པ་ཚད་ཡོད་ཀུང་སིའི་རྣམ་གྲངས་འགན་འཁུར་བས། “མིག་སྔའི་བར། རྣམ་གྲངས་འདིའི་ལམ་གཞིའི་ཆ་ཤས་70%བསྐྲུན་ཚར་བ་དང་ཕུག་ལམ་དང་ཟམ་པ་ཚང་མ་བསྐྲུན་ཟིན་པ་མ་ཟད། ལམ་ངོས་ཕྱོགས་ཡོངས་ནས་འདིང་བཞིན་ཡོད་པས། སྔོན་དཔག་བྱས་ན་འདི་ལོའི་ཟླ་10ཚེས་1ཉིན་གཞུང་ལམ་ཧྲིལ་པོ་རྩིས་སྤྲོད་རྩིས་ལེན་བྱས་ཏེ་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད”ཅེས་གསར་འགོད་པར་ངོ་སྤྲོད་བྱས་བྱུང་།

    གསར་འགོད་པར་ཤེས་རྟོགས་བྱུང་བར། རྣམ་གྲངས་འདིར་ཁྱོན་མ་དངུལ་སྒོར་ཁྲི་1700བཏང་བ་དང་འཛུགས་སྐྲུན་ལ་ཁྱོན་རིང་ཚད་སྤྱི་ལེ་3.1ཟིན་པ་དང་། འདམ་བག་སྤྱི་ལེ་1གཙང་བཤངས་བྱས་པར་གཙོ་བོ་སྦི་གླིང་གྲོང་ཚོ་དང་འབུམ་དཀར་གྲོང་ཚོར་ཁྱབ་ཡོད། རྣམ་གྲངས་བསྐྲུན་རྗེས་ཁོར་ཡུག་གི་ཆུ་ལོག་གཤོང་ནུས་དང་འབྲུག་འགོག་ནུས་པ་ཆེ་རུ་ནུས་ལྡན་འགྲོ་རྒྱུ་མ་ཟད། ས་ཞིང་མུའུ་100ལྷག་ཙམ་ལ་སྲུང་སྐྱོང་ཐུབ་ནས་མང་ཚོགས་སྟོང་ཕྲག་མང་པོར་ཕན་པ་ཐོབ་སྟེ་ཞིང་ལས་ཐོན་སྐྱེད་དང་གྲོང་གསེབ་ཀྱི་འཚོ་བར་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་ཐུབ་རྒྱུ་ཡིན་པ་རེད།

    རྣམ་གྲངས་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་ཞིག་ཡིན། ལྡེམ་མོ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཤང་ཀྲང་རིག་འཛིན་རྒྱ་མཚོས། འདི་ལོར་ལྡེམ་མོ་ཤང་ལ་གཙོ་གནད་རྣམ་གྲངས་8ཡོད། དེའི་ནང་མཐུད་སྐྲུན་རྣམ་གྲངས་4དང་གསར་སྐྲུན་རྣམ་གྲངས་4ཡོད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.27ལྷག་ཙམ་ཟིན་པ་དེ་དམངས་འཚོ་དང་རྨང་གཞིའི་སྒྲིག་བཀོད་སོགས་ཕྱོགས་མང་པོར་ཁྱབ་ཡོད། ཁོང་གིས“ཉེ་བའི་ལོ་ཤས་རིང་། ལྡེམ་མོ་ཤང་གིས་གྲོང་གསེབ་དར་རྒྱས་ལ་་དམིགས་ནས‘ཁྲི་སྟོང་ལས་གྲྭའི’ཉམས་མྱོང་ལ་སློབ་སྦྱོང་སྒོས་ལག་ལེན་གང་ལེགས་བསྟར་ཏེ་ས་མཐོའི་མཛེས་མཐུན་གྲོང་གསེབ་བསྐྲུན་ནས་སྲིད་འཛིན་གྲོང་ཚོ་4དང་རང་བྱུང་ཚོགས་ཆུང་1གི་‘གཅིག་གྱུར་རང་སྐྲུན’ཁོངས་གཏོགས་རྣམ་གྲངས་སྔ་རྗེས་སུ་ཁྱབ་གདལ་བཏང་ཡོད། དེའི་ནང་གནས་སྤོས་གྲོང་ཚོ་2དང་། སྐྲུན་བཞིན་པའི་སྲིད་འཛིན་གྲོང་ཚོ་2དང་རང་བྱུང་ཚོགས་ཆུང་1བཅས་ཡོད་པས་ཞིང་དུད་ཀྱི་ཁང་པའི་བདེ་འཇགས་དང་སྐྱིད་སྣང་ཆེས་ཆེར་ཕྱིན་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་ཐོབ་སྣང་ཆེ་རུ་ཤུགས་ཆེན་ཕྱིན་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།