དར་གོས་ལམ་བུའི་ས་ཚུགས་ནས་མཉམ་ལས་ཀྱི་སྐོར་གླེང་བ།
ཟླ་5ཚེས་25ཉིན་དམིགས་བསལ་གྱི་བཞུགས་མོལ་ཚོགས་འདུ་ཞིག་ཤིན་ཅང་ཨ་ཁེ་སུའུ་ས་ཁུལ་ཁུའུ་ཁྲེ་གྲོང་ཁྱེར་གྱི“དར་གོས་ལམ་བུའི་མཛའ་མཐུན་གྱི་ཕོ་ཉ”ཡི་ས་ཚུགས་སུ་གཉེར་བ་རེད། 2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་ཀྱི་གཞོན་ནུའི་རིག་གནས་སྤེལ་རེས་སྒར་སའི་སྨྱན་སྦྱོར་དང་ཕྱི་སྦྱོང་སློབ་མའི་འཐུས་མིས་ཤིན་ཅང་དུ་ལྟ་སྐོར་བྱས་པའི་མྱོང་ཚོར་འཚང་ག་ཤིག་ཤིག་ངང་མཉམ་སྤྱོད་བྱས་པ་མ་ཟད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་ཀྱི་མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པའི་ཐད་ཐབས་འདོན་ཇུས་འབུལ་ཡང་བྱས་པ་རེད།
“དེ་གོང་ངའི་གྲོགས་པོས་ཤིན་ཅང་མཛེས་པོ་ཡོད་པའི་སྐོར་མང་པོ་བཤད་བྱུང་། ས་ཆ་དངོས་སུ་ལྟ་སྐོར་ལ་ཕྱིན་རྗེས་ངས་འདི་གར་ཡུལ་ལྗོངས་མཛེས་པོ་ཡོད་པ་མ་ཟད། དཔལ་འབྱོར་ཡང་འཕེལ་རྒྱས་མྱུར་པོ་འགྲོ་བཞིན་ཡོད་པ་མཐོང་བྱུང”ཞེས་ཨེ་ཅིབ་ཤིས་ཁེ་མའེ་ཐེ་རིག་གནས་ཐོན་ལས་ཚོགས་པའི་ཐཱ་ཧོ་ལིར་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུང་གོའི་ཞིབ་འཇུག་པུའི་ཀྲུའུ་རེན་ཡཱ་ལཱ·དབྱི་ཕུའུ་ལཱ་ཤིན་གྱིས་བརྗོད་པ་དང་། འདི་ནི་ཁོང་ཀྲུང་གོར་ཡོང་ཐེངས་བཞི་པ་དང་ཤིན་ཅང་ལ་ཡོང་ཐེངས་དང་པོ་རེད། དབྱི་ཕུའུ་ལཱ་ཤིན་གྱིས་ཤིན་ཅང་གིས་འཕེལ་རྒྱས་གཏོང་རིང་དེང་རབས་དང་སྲོལ་རྒྱུན་ཟུང་འབྲེལ་བྱས་འདུག་པས། ཡུལ་སྐོར་བར་དམིགས་བསལ་གྱི་ཉམས་ལེན་ཞིག་ཡོང་གི་འདུག “ཨེ་ཅིབ་དུ་ལོག་རྗེས་ངས་གྲོགས་པོ་ཚོར་འདི་གའི་གནས་ཚུལ་དངོས་བཤད་དེ་ཁོང་ཚོ་འདི་གར་ལྟ་བར་ཡོང་དུ་འཇུག་གི་ཡིན”ཞེས་བརྗོད།
“ངས་ཤིན་ཅང་དམངས་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་དངོས་འབྲེལ་མཐོང་བྱུང་། དེ་དག་ནུབ་ཕྱོགས་ཀྱི་སྨྱན་སྦྱོར་ཁག་གཅིག་གིས་བཤད་པ་དང་གཅིག་པ་གཏན་ནས་རེད་མི་འདུག”ཅེས་ཕ་ཁི་སི་ཐན་རྒྱལ་སྤྱིའི་གསར་འགྱུར་འཕྲིན་གཏོང་ཁང་ཀྲུང་གོའི་གསར་འགྱུར་གཙོ་སྒྲིག་པ་མུའུ་ཧན་མུའུ་ཏེ·ཨཱ་སཱ་ཏི་ཡིས་དེ་ལྟར་བརྗོད་པ་དང་། ལོ་རྒྱུས་ཡུན་རིང་ལྡན་པའི་ཁུའུ་ཁྲེ་གནའ་གྲོང་དང་འཁྲུག་ཆ་དོད་པའི་ཚོང་འདུས་ཆེ་མོ་ལས་ཤིན་ཅང་གིས་ལོ་རྒྱུས་རིག་གནས་ལ་སྲུང་སྐྱོང་དང་རིག་གནས་རྒྱུན་འཛིན་ལ་མཐོང་ཆེན་བྱེད་པ་མཚོན་ཐུབ་ཅེས་བརྗོད།