2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་ཀྱི་གཞོན་ནུའི་རིག་གནས་སྤེལ་རེས་སྒར་སའི་བྱེད་སྒོ་ཤིན་ཅང་དུ་སྤེལ་བ།
ཤིན་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེན་པོ་ཉམས་སུ་མྱོང་བ།
འདི་ནི་སྤེལ་རེས་ཚོགས་པའི་ཁོངས་མིས་ཤིན་ཅང་ཤིན་ཆི་ཁང་སྨན་ལས་མ་རྐང་ཚད་ཡོད་ཀུང་སིར་ཀྲུང་ལུགས་གསོ་རིག་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།
འདི་ནི་སྤེལ་རེས་སྒར་སའི་ཁོངས་མིས་ཁུའུ་ཁྲེ་གྲོང་ཁྱེར་དུ་ཤིན་ཅང་གི་དམངས་སྲོལ་རིག་གནས་ཉམས་ལེན་བྱེད་པ་དང་འབྲེལ་དྲན་རྟེན་པར་རྒྱག་བཞིན་པ།
འདི་ནི་སྤེལ་རེས་སྒར་སའི་ཁོངས་མིས་ཤིན་ཅང་གི་མཐོ་གསར་སྐྱེ་དངོས་བཟོ་གྲྭའི་ཚན་རྩལ་གསར་སྤེལ་མ་རྐང་ཚད་ཡོད་ཀུང་སིར་ལྟ་སྐོར་བྱེད་བཞིན་པ།
འདི་ནི་སྤེལ་རེས་སྒར་སའི་ཁོངས་མིས་ས་གནས་དེ་གའི་གླུ་གར་འཁྲབ་སྟོན་པ་དང་དྲན་རྟེན་པར་རྒྱག་བཞིན་པ།
ཟླ་5ཚེས་24ནས་ཚེས་26ཉིན་བར། 2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་ཀྱི་གཞོན་ནུའི་རིག་གནས་སྤེལ་རེས་སྒར་སར(གཤམ་དུ་སྤེལ་རེས་་སྒར་ས་ཞེས་བསྡུ་རྒྱུ)ཞུགས་མཁན་སྨྱན་སྦྱོར་དང་ཕྱི་སྦྱོང་སློབ་མའི་འཐུས་མི་སྔ་རྗེས་སུ་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཨ་ཁེ་སུའུ་ས་ཁུལ་གྱི་ཁུའུ་ཁྲེ་གྲོང་ཁྱེར་དང་། པའེ་ཁྲེང་རྫོང་། དེ་བཞིན་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་སོགས་སུ་ས་གནས་ས་ཐོག་གི་ལྟ་སྐོར་དང་བརྟག་ཞིབ་བྱས་ནས་རིག་གནས་སྤེལ་རེས་ཀྱི་གནས་ཚུལ་ལ་བལྟས་པ་དང་ཤིན་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དབྱར་མཚོ་རྒྱས་པ་ལྟ་བུའི་གསོན་ཤུགས་ཉམས་སུ་མྱངས་པ་རེད།
“རྒྱལ་ཁབ་ཁག་ལ་ལྗང་མདོག་གི་ནུས་རྒྱུ་ཕྱོགས་སྒྱུར་ཡོང་བར་དཔྱད་གཞི་མཁོ་འདོན་བྱས་པ”
ཉེ་བའི་ལོ་ཤས་རིང་། ཤིན་ཅང་གིས་ཐོན་ཁུངས་ཀྱི་ལེགས་ཆ་དང་། ས་བབ་ཀྱི་ལེགས་ཆ། ཐོན་ལས་ཀྱི་རྨང་གཞི་བཅས་ལ་གཞི་ཚུགས་ཏེ་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་སྣུམ་རླངས་ཐོན་སྐྱེད་ལས་སྣོན་དང་། ལྗང་མདོག་འབྲོག་ལས་ཐོན་རྫས། སྤུས་ལེགས་ཤིང་འབྲས་དང་སྔོ་ཚལ། རིག་གནས་དང་ཡུལ་སྐོར་སོགས་ཀྱི་ཐོན་ལས་ཀྱི་ཚོ་འདུས་ཆེ་གྲས་བཅུ་ནུས་ཤུགས་ཡོད་རྒུས་བསྐྲུན་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གོམ་སྟབས་གསར་པ་རྒྱུན་ཆད་མེད་པར་སྤོས་ཡོད།
ཝུའུ་ལུའུ་མུའུ་ཆིར་ཤིན་ཆི་ཁང་སྨན་ལས་མ་རྐང་ཚད་ཡོད་ཀུང་སིའི་དེང་རབས་ཅན་གྱི་སྨན་རྫས་ཀྱི་ཐོན་སྐྱེད་བརྒྱུད་རིམ་ལས་སྤེལ་རེས་ཚོགས་པའི་ཁོངས་མིའི་མིག་དབང་འཕྲོག་ཡོད། ཀུང་སི་དེས་ཀྲུང་ལུགས་སྨན་རྫས་ཀྱི་སྨན་རྒྱུ་འདེབས་འཛུགས་ནས་ཞིབ་སྤེལ་དང་། ཐོན་སྐྱེད། ཕྱིར་ཚོང་བཅས་བར་གྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་བཏོད་ཡོད་པ་རེད། ཕ་ཁི་སི་ཐན་རྒྱལ་སྤྱིའི་གསར་འགྱུར་འཕྲིན་གཏོང་ཁང་ཀྲུང་གོའི་གསར་འགྱུར་གཙོ་སྒྲིག་པ་མུའུ་ཧན་མུའུ་ཏེ·ཨཱ་སཱ་ཏིས“དེ་གའི་སྨན་རྒྱུའི་སྣ་ཁ་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད། ཐོན་སྐྱེད་བརྒྱུད་རིམ་ཡང་ཚད་གཞི་ཅན་དུ་གྱུར་ཡོད”ཕ་ཁི་སི་ཐན་གྱི་དམངས་ཚོགས་མི་ཉུང་བ་ཞིག་ནི་ཀྲུང་ལུགས་གསོ་རིག་དང་ཀྲུང་ལུགས་སྨན་རྩྭར་དགའ་པོ་ཡོད་མཁན་ཡིན་པས་ཕ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་སྲོལ་རྒྱུན་གྱི་གསོ་རིག་ཁྱབ་ཁོངས་སུ་མཉམ་ལས་དེ་བས་མང་བ་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད།
ཤིན་ཅང་མཐོ་གསར་རྩི་ཤིང་བཟོ་གྲྭའི་ཚན་རྩལ་གསར་སྤེལ་མ་རྐང་ཚད་ཡོད་ཀུང་སིའི་ཐོན་སྐྱེད་རྟེན་གཞིར་སྐྱོད་སྐབས་འགྲོ་ལམ་གཞོགས་གཉིས་སུ་མཐོ་ཚད་ལ་སྨི་ལྔ་དྲུག་ཡོད་པའི་སྦ་ཤིང་གིས་བཟོས་པའི་ཀྲོ་མ་ཀྲུའི་སྡོང་སྒྲོམ་ཐོག་འབྲས་བུ་མང་པོ་བཏགས་འདུག བསིལ་ཞིང་མངར་བའི་བྲོ་བར་སྤེལ་རེས་སྒར་སའི་ཁོངས་མིའི་བསྔགས་བརྗོད་མགྲིན་གཅིག་ཏུ་ཐོབ།
ལས་དོན་པས་མཐོ་གསར་རྩི་ཤིང་བཟོ་གྲྭས་ས་མེད་འདེབས་ལས་དང་ཐིགས་ཆུ་གཏོང་རྩལ་སྤྱད་པས་ནུས་རྒྱུ་དང་ཆུ་གྲོན་ཆུང་ཐུབ་པ་མ་ཟད་ཐོན་འབབ་ཀྱང་ཧ་ཅང་ཡག་པོ་ཡོད། ཞིང་ལས་ས་ཆ་དཀྱུས་མའི་མུའུ་རེ་ནས་ལོ་རེར་ཀྲོ་མ་ཀྲུ་ཐོན་ཚད་མང་ཤོས་ཏུན་དྲུག་བདུན་ཙམ་ཟིན་གྱི་ཡོད་པ་དང་མཐོ་གསར་རྩི་ཤིང་བཟོ་གྲྭར་མུའུ་རེ་ནས་ལོ་རེར་ཀྲོ་མ་ཀྲུ་ཐོན་ཚད་ཏུན་བཞི་བཅུ་ལྔ་བཅུ་ཙམ་ཟིན་གྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
“ཧ་ཅང་ཡག་པོ་རེད། དྲོད་ཁང་ཆེ་མོའི་འདེབས་འཛུགས་ལག་རྩལ་ཧ་སག་སི་ཐན་དུ་ཁྱབ་གདལ་བཏང་ནས་ང་ཚོའི་ཐོན་ཚད་མཐོ་རུ་འགྲོ་བར་རོགས་རམ་དང་འཛད་སྤྱོད་པ་དེ་བས་མང་བར་ཕན་པ་ཐོབ་རྒྱུའི་རེ་བ་ཡོད”ཅེས་ཤིན་ཅང་སློབ་ཆེན་གྱི་ཧ་སག་སི་ཐན་ནས་ཡིན་པའི་ཕྱི་སྦྱོང་སློབ་མ་ཤེར་ཀཱའེ་ཡེ་ཝ·ཝ་ལེ་ལི་ཡ་ཡིས་བརྗོད།
“ཀྲུང་གོའི་གཏིང་ཟབ་པའི་ལོ་རྒྱུས་རིག་གནས་ཀྱི་རྨང་གཞི་མངོན་པ”
ཁུའུ་ཁྲེར་སྔ་མོ“ཆིའུ་ཚི”ཞེས་འབོད་ཅིང་། དེ་ནི་དར་གོས་ལམ་བུའི་འགྲིམ་འགྲུལ་ལྟེ་གནས་གལ་ཆེན་ཞིག་རེད།
སྤེལ་རེས་སྒར་སའི་ལྟ་སྐོར་བྱེད་ས་དང་པོ་ནི་ཆིའུ་ཚི་རྟེན་མཛོད་ཁང་རེད། རྟེན་མཛོད་ཁང་དེའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་1.6ཟིན་པ་དང་ཁྱོན་རིག་དངོས་ཁག(ཆ་ཚང)700ལྷག་ཙམ་འགྲེམས་སྟོན་བྱས་པའི་ནང་ཆིའུ་ཚིའི་ཡིག་ཆ་དང་ལྷ་སྐུ་མང་པོའི་ལྡེབས་རིས་ཀྱི་ཆག་གྲུམ་སོགས་མཚོན་བྱེད་རང་བཞིན་གྱི་ཉར་དངོས་ཡོད་པ་རེད།
“རྟེན་མཛོད་ཁང་གི་ཉར་དངོས་སྣ་ཁ་ཧ་ཅང་མང་བ་དེ་དག་ལས་ཀྲུང་གོའི་གཏིང་ཟབ་པའི་ལོ་རྒྱུས་རིག་གནས་ཀྱི་རྨང་གཞི་མངོན་ཡོད། ངས་དེའི་ནང་ནས་ཨེ་ཅིབ་རིག་དངོས་དང་ཧ་ཅང་འདྲ་བའི་རྒྱན་རིས་དང་རི་མོ་ཁག་གཅིག་མཐོང་བ་དེ་དག་ལས་གནའ་བོའི་དར་གོས་ལམ་བུའི་རིག་གནས་སྤེལ་རེས་ཟབ་མོ་ཡོད་པའང་མཚོན་ཡོད”ཅེས་ཨེ་ཅིབ་དབུས་ཤར་འཕྲིན་གཏོང་ཁང་ཨ་རབ་གསར་འགྱུར་པུའི་ཀྲུའུ་རེན་མུའུ་ཧན་མོ་ཏེ·མུའུ་སཱ་ཡིས་ཆེད་མངགས་རྟེན་མཛོད་ཁང་ལ་ཡིག་རིས་གཉིས་ལྡན་གྱི་རྒྱས་འཕྲིན་ཞིག་བྲིས་ནས་ཨེ་ཅིབ་ཀྱི་དམངས་ཚོགས་ལ་ཀྲུང་གོའི་ལོ་རྒྱུས་དང་སྲོལ་རྒྱུན་རིག་གནས་ངོ་སྤྲོད་བྱས་ཡོད།
པའེ་ཁྲེང་རྫོང་དུ་གནས་པའི་ཁེ་ཙིར་བྲག་ཁུང་ནི་ནང་བསྟན་རིག་གནས་སྒྱུ་རྩལ་གྱི་བང་མཛོད་གྲས་ཤིག་རེད། དེ་ཧ་ལམ་སྤྱི་ལོའི་དུས་རབས་3པར་སྔོག་འགོ་ཚུགས་ཤིང་། དེ་ནི་མིག་སྔའི་ཀྲུང་གོར་ཡོད་པའི་བྲག་ཁུང་གྲས་ནས་སྔོག་སྔ་ཤོས་དང་ནུབ་ཕྱོགས་སུ་གནས་པའི་ནང་བསྟན་བྲག་ཁུང་འདུས་ཚོགས་ཆེན་པོ་ཞིག་རེད། སྤེལ་རེས་ཚོགས་པའི་ཁོངས་མི་རྣམས་དེ་གར་ལྟ་སྐོར་བྱེད་ཀྱིན་ཤར་ཕྱོགས་དང་ནུབ་ཕྱོགས་དབར་གྱི་རིག་གནས་ཁྱད་པར་དང་མཉམ་འདྲེས་ཉམས་སུ་མྱངས་པ་རེད།
“འདི་གའི་ལྡེབས་རིས་སྒྱུ་རྩལ་ལ་སྒེག་ཉམས་ཧ་ཅང་ཆེན་པོ་ལྡན་ཞིང་། རི་མོའི་ནང་མི་སྣའི་གཟུགས་བརྙན་དང་ཚོན་མདོག་སྦྱོར་སྡེབ་བྱེད་སྟངས་དེ་འབར་མའི་སྒྱུ་རྩལ་དང་མཐུན་པའི་ཆ་མི་ཉུང་བ་ཞིག་འདུག”ཅེས་འབར་མའི་ཝུའེ་ཏི་ཡ་སྨྱན་སྦྱོར་ཀུང་སིའི་གཙོ་སྐྱོང་བ་དབུན་ཝ་ཧན་གྱིས་བརྗོད་པ་དང་། ཀྲུང་གོས་ལྡེབས་རིས་སྒྱུ་རྩལ་ལ་སྲུང་སྐྱོང་ཚགས་ཚུད་པོ་བྱས་པ་དང་དེའི་ཐད་ལག་རྩལ་གྱི་བྱ་ཐབས་སྤྱད་དེ་བཞའ་ཚན་དང་དྲོད་ཚད་ཚད་ལེན་བྱེད་ཀྱི་ཡོད་པ་དེས་ཁོང་ལ་བག་ཆགས་ཟབ་མོ་བཞག་ཡོད།
“ང་ཀྲུང་གོར་དགའ། ཕྱིས་སུ་ད་དུང་འདི་གར་ཡོང་གི་ཡིན”
ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་གྱི་འགྲེམས་སྟོན་ཚོམས་ཆེན་དུ་ལྟ་སྐོར་བྱེད་སྐབས་སྤེལ་རེས་སྒར་སའི་ཁོངས་མིས་དྲན་འཆར་འགོད་པའི་གྱང་ལྡེབས་སུ་ལྟ་སྐོར་ལ་ཞུགས་པའི་མྱོང་བ་བྲིས། ཤིན་ཅང་སློབ་ཆེན་ནས་ཡོང་བའི་ཁེར་གྷི་སི་ཐན་གྱི་ཕྱི་སྦྱོང་སློབ་མ་ཝུའུ་ལུའུ་ཁོ་ཝ·པེ་ཅི་མའེ་ཡིས“ང་ཀྲུང་གོར་དགའ། ཕྱིས་སུ་ད་དུང་འདི་གར་ཡོང་གི་ཡིན”ཞེས་བརྗོད། ཁོང་གིས་ཁུའུ་ཁྲེར་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལྡན་པས། ཕྱིས་སུ་ཡོང་དུས་ལྷོད་ལྷོད་ངང་ཡུལ་སྐོར་བྱེད་ཀྱི་ཡིན་ཞེས་མྱོང་ཚོར་ཟབ་མོས་བརྗོད།
ད་ཐེངས་ཤིན་ཅང་དུ་བརྟག་ཞིབ་ཏུ་ཕེབས་མཁན་སྤེལ་རེས་སྒར་སའི་ཁོངས་མིས་དར་གོས་ལམ་བུའི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་ཐུབ་པ་མ་ཟད། གསོན་ཤུགས་ཀྱིས་ཁེངས་ཤིང་གསར་གཏོད་འཕེལ་རྒྱས་འགྲོ་བཞིན་པའི་ཤིན་ཅང་ཡང་མཐོང་ཡོད། “ངའི་ངོས་ནས་བརྗོད་ན། འགྲུལ་བཞུད་དེས་ཧ་ཅང་མཛེས་སྡུག་ལྡན་པའི་བག་ཆགས་བཞག་བྱུང་། གང་ལགས་ཤེ་ན། ངར་འདི་ནས་ཁྱད་དུ་འཕགས་པའི་མི་མང་པོ་ཞིག་འཕྲད་དེ་རིག་གནས་མི་འདྲ་བའི་དབར་སྤེལ་རེས་དང་མཉམ་འདྲེས་ཟབ་མོ་ཐུབ་པ་ཚོར་བྱུང་ལ། ཤིན་ཅང་གི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བར་བདེན་དཔང་ཡང་ཐུབ་བྱུང”ཞེས་ཨུ་རུ་སུའི་ཐ་སི་གསར་འགྱུར་ཁང་གི་མཐོ་རིམ་གསར་འགོད་པ་ཨན་ནཱ·ཧྥུའུ་སྨི་ནཱ་ཡིས་བརྗོད་པ་རེད།