སྟག་རྩེ་ཆུས་སློབ་ཆུང་གཉིས་པ་སྔོན་དཔག་ལྟར་ན་ད་ལོའི་ལོ་མཇུག་ཏུ་བསྐྲུན་ཚར་རྒྱུ་ཡིན་པ།
སློབ་གྲྭ་བསྐྲུན་ཚར་རྗེས་སློབ་མའི་མིང་ཐོབ་1000ལྷག་མཁོ་འདོན་བྱ་རྒྱུ་ཡིན་པ།
ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སློབ་ཆུང་གཉིས་པ་སྐྲུན་ཡུལ་དུ་ལས་མི་500ལྷག་ཙམ་གོ་རིམ་ལྡན་ལ་བྲེལ་བརྩོན་ཆེན་པོས་ལས་ཀ་བྱེད་བཞིན་ཡོད། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་7བཏང་བ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་3.6ཟིན་པའི་དམངས་འཚོའི་འདུ་འགོད་དེ་ནི་འབྲོམ་སྟོད་ཤང་ཆ་ཚང་སློབ་ཆུང་གི་གནས་ཡུལ་རྙིང་པར་ཆགས་ཤིང་། སློབ་ཁྲིད་ཐོག་ཁང་སྟར་པ་2དང་། སློབ་མའི་ཉལ་ཁང་སྟར་པ་4 དགེ་རྒན་གྱི་ཉལ་ཁང་སྟར་པ་2བཅས་དང་། དེ་བཞིན་ནུས་པ་ཆ་ཚང་བའི་སྐྲུན་དངོས་ཚན་རིག་དང་མཐུན་པའི་ངང་འཆར་འགོད་བྱས་ཡོད་པ་རེད།
ཟླ་3ཚེས་6ཉིན་ལས་འགོ་བསྐྱར་དུ་ཚུགས་པ་ནས་བཟུང་། ཉིན་170འགག་སྒྲོལ་བྱས་པ་བརྒྱུད་གྲུབ་ཆ་གཙོ་བོའི་ཐོག་བཀབ་ཟིན་པ་དང་སྤྱི་ཡོངས་ཀྱི་འཕེལ་རིམ་73%ལེགས་གྲུབ་ཟིན་ནས་ལོ་མཇུག་ཏུ་ལས་གྲྭ་ལེགས་གྲུབ་ཟིན་ཆེད་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད།
ལྷ་སའི་སློབ་གསོའི་སྤུས་ཚད་ལེགས་སུ་གཏོང་བ་དང་རྒྱ་སྐྱེད་གཏོང་བའི་གཙོ་གནད་ལས་གྲྭ་ཞིག་ཡིན་པའི་ངོས་ནས་སློབ་གྲྭ་དེ་བསྐྲུན་ཟིན་རྗེས་སློབ་མའི་མིང་ཐོབ་1080མཁོ་འདོན་བྱ་རྒྱུ་ཡིན་པ་དེ་སློབ་ཆུང་ལོ་རིམ་དང་པོ་ནས་དྲུག་པ་བར་ཚང་མར་ཁྱབ་ཡོད་པ་རེད།
དེང་རབས་ཀྱི་སློབ་གྲྭ་དེ་སྔོན་དཔག་ལྟར་ན་ཟླ་12ཚེས་31ཉིན་གོང་ཕྱོགས་ཡོངས་ནས་ལས་མཇུག་འགྲིལ་རྒྱུ་མ་ཟད། 2026ལོའི་དཔྱིད་ཀའི་སློབ་དུས་གོང་དངོས་སུ་སྤྱོད་འགོ་འཛུགས་རྒྱུ་ཡིན་པ་རེད།