དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • པད་ཁའི་མེ་ཏོག་ཁྲ་ཆིལ་ཆིལ། སྣུམ་གྱི་ཐོན་འབབ་ལྗིད་ཏིག་ཏིག

    —— སྐྱེ་ཁམས་ཐོན་ལས་ཀུང་སི་ཞིག་གི་མ་འཇོག་ལས་དར་གྱི་གཏམ་རྒྱུད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-30

    འདི་ནི་ཟླ་དང་པོར་བོད་ལྗོངས་ན་ལན་སྐྱེ་ཁམས་ཐོན་ལས་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་པད་ཁའི་སྣུམ་དིང་རི་རྫོང་གི་ས་ཡོམ་གེགས་ཁུལ་ལ་དབོར་བཞིན་པ།

    འདི་ནི་བོད་ལྗོངས་ན་ལན་སྐྱེ་ཁམས་ཐོན་ལས་ཚད་ཡོད་ཀུང་སིའི་པད་ཁའི་སྣུམ་ཐོན་སྐྱེད་འཁོར་ཁང་ཡིན་པ།

    ས་བབ་སྨི་3600ཡས་མས་ཟིན་པའི་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བསམ་ཡས་དགོན་གྱི་ཉེ་འདབས་སུ། ལོ་རེའི་ཟླ་བདུན་པ་དང་བརྒྱད་པར་གསེར་མདོག་གི་པད་ཁའི་མེ་ཏོག་རབ་ཏུ་བཞད་ནས་རླུང་བུའི་རྒྱུ་ཕྱོགས་དང་བསྡོངས་ནས་ཡམ་ཡོམ་བྱེད་པ་ནི་ཐག་རིང་ལ་དལ་གྱིས་བཞུར་འགྲོ་བའི་ཡར་ཀླུང་གཙང་པོའི་རྒྱུག་ཕྱོགས་ལ་ཅོ་འདྲི་བ་དང་གཉིས་སུ་མ་མཆིས།

    དེ་གའི་པད་ཁ་ནི་བོད་ལྗོངས་ན་ལན་སྐྱེ་ཁམས་ཐོན་ལས་ཚད་ཡོད་ཀུང་སིས་འགན་གཙང་བླངས་ནས་བཏབ་པ་ཞིག་རེད།

    ས་རྒྱུ་གཤིན་པོ་དེ་ནས་གནའ་བོའི་རིག་གནས་དར་བ་མ་ཟད། མིག་སྔར་རྫོགས་མཐའ་མེད་པའི་ཚོང་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཀྱང་མངོན་བཞིན་ཡོད། 2021ལོའི་ཟླ་བཅུ་གཉིས་པར་ཀུང་སི་དེའི་འགན་འཁུར་བ་ཧང་ཝུའུ་ཀྲོའུ་ཡིས་སྲིད་གཞུང་གི་འབོད་སྐུལ་ལ་བརྡ་ལན་ཧུར་ཐག་ཞུས་ཏེ་འབྲེལ་ཡོད་ཐོན་ལས་ལ་རྟོག་ཞིབ་བྱས་རྗེས་ཐོ་འགོད་མ་དངུལ་སྒོར་ཁྲི་1000བཏང་ནས་གྲ་ནང་རྫོང་མཛའ་གྲོགས་ལམ་བཟོ་ལས་གླིང་ཁུལ་དུ་ཀུང་སི་བཙུགས་པ་དང་བཟོ་ཁང་བརྒྱབ་པ་མ་ཟད། རྫོང་དེའི་བསམ་ཡས་གྲོང་རྡལ་དང་། རྔ་སྒྲ་ཤང་། གྲ་ཕྱི་ཤང་སོགས་ཤང་དང་གྲོང་རྡལ་གྱི་ས་ཆ་མུའུ་1800ཡི་སར་པད་ཁ་བཏབ་ནས་བོད་ཀྱི་པད་ཁའི་བཟའ་སྣུམ་རྩེ་གྲ་ཐོན་སྐྱེད་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་ལམ་དུ་སྐྱོད་འགོ་ཚུགས།

    ཀུང་སི་ཐོག་མར་འཛུགས་པའི་སྐབས། དཀའ་ངལ་དང་འགྲན་སློང་མི་ཉུང་བ་འཕྲད་ཅིང་། ཚད་ལྡན་ཅན་གྱི་བཟོ་ཁང་སྐྲུན་སྐབས། ས་མཐོའི་རང་བྱུང་ཁོར་ཡུག་གིས་རྐྱེན་པས་ཨར་སྐྲུན་མྱུར་ཚད་འགོར་ལ། ད་དུང་རིམས་ནད་ཀྱི་ཤུགས་རྐྱེན་ཡང་ཕོག་མོད། ཡིན་ནའང་སྟབས་ལེགས་པ་ཞིག་ལ། གྲ་ནང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་རྣམ་གྲངས་གང་མགྱོགས་བསྐྲུན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་མཐར་ལོ་ཕྱེད་ཙམ་གྱི་དུས་ཚོད་ནང་ཁེ་ལས་བདེ་བླག་ངང་གཞིས་ཚུགས་ཐུབ་པ་བྱུང་ཡོད། 2023ལོའི་ཟླ་བདུན་པར་བོད་ལྗོངས་ན་ལན་སྐྱེ་ཁམས་ཐོན་ལས་ཚད་ཡོད་ཀུང་སིས་འཁོར་ཁང་ལ་མཛེས་བཟོ་དང་སྒྲིག་ཆས་བསྒར་བ་མ་ཟད། ལོ་དེའི་ལོ་མཇུག་ཏུ“གངས་ལྗོངས་ན་ལན”དང“གངས་ལྗོངས་རུང་རུའོ”ཞེས་ཐོ་འགོད་ཚོང་རྟགས་སུ་མིང་བཏགས་པའི་ས་མཐོའི་པད་ཁའི་སྣུམ་རྩེ་གྲ་ཐོན་སྐྱེད་བྱེད་འགོ་བརྩམས།

    “2023ལོ་དང་2024ལོར་ཀུང་སིས་ས་མཐོའི་པད་ཁའི་སྣུམ་ཏུན་150ཐོན་སྐྱེད་བྱས་པ་དང་། 2024ལོར་ཀུང་སིས་ཏུན་རེར་སྒོར་9000གི་རིན་གོང་ཐོག་ནས་ས་གནས་ཀྱི་ཞིང་དུད་850ཡི་ས་ནས་པད་ཁའི་སྣུམ་ཏུན་490ཉོས་པར་མང་ཚོགས་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་5600བྱུང་ཡོད”ཅེས་ཧང་ཝུའུ་ཀྲོའུ་ཡིས་གསར་འགོད་པར་བཤད་བྱུང་། ཁོང་གིས་ཀུང་སིས་ད་དུང་རྒྱལ་ནང་གི་ཆེས་སྔོན་ཐོན་གྱི་པད་ཁའི་སྣུམ་ཐོན་སྐྱེད་ལག་རྩལ་དང་སྒྲིག་ཆས་ནང་འདྲེན་བྱས་པ་མ་ཟད། ལས་རིགས་ཀྱི་རིགས་གཅིག་མཁས་ཅན་གདན་དྲངས་ནས་ས་གནས་ཀྱི་ལས་མིར་གསོ་སྦྱོང་བྱས་ཏེ་ཆེད་ལས་ཀྱི་ཆུ་ཚད་ཡོད་པའི་ཐོན་སྐྱེད་ཚོགས་པ་ཞིག་རིམ་པས་བཙུགས་ཡོད་ཅེས་བཤད།

    ཐོན་རྫས་ཐོན་སྐྱེད་བྱས་རྗེས། བྲིན་ཚོང་བྱ་རྒྱུ་དེ་མིག་མདུན་གྱི་དཀའ་གནད་ཆེ་ཤོས་རེད། བོད་ཀྱི་འགྲིམ་འགྲུལ་གྱི་མ་གནས་མཐོ་བ་དང་། པད་ཁའི་སྣུམ་ཁྲོམ་རར་སྐད་གྲཌ་ཆོད་ཚད་ཞན་པས་བྲིན་ཚོང་གི་ཐབས་ལམ་དེ་ཙམ་ཡག་པོ་མེད།

    གནད་དོན་དེར་དམིགས་ཏེ། ཀུང་སིས་ཕྱོགས་གཅིག་ནས་ས་གནས་དེ་གའི་སྒོ་རྩིས་ཚོང་ཁང་དང་ཞིང་ཞོར་ཐོན་རྫས་ཁྲོམ་རར་འབྲེལ་བ་ཧུར་ཐག་བྱས་ཏེ་མཉམ་ལས་ཀྱི་འབྲེལ་བ་བཙུགས་ནས་ཐོན་རྫས་ས་གནས་དེ་གའི་ཁྲོམ་རར་ཁྱབ་གདལ་བཏང་བ་དང་། ཕྱོགས་གཞན་ཞིག་ནས་དྲ་སྦྲེལ་ལས་སྟེགས་ལ་བརྟེན་ཏེ་དྲ་ཐོག་ནས་བོད་ཀྱི་པད་ཁའི་སྣུམ་རྩེ་གྲ་རྒྱལ་ཡོངས་ལ་ཁྱབ་གདལ་བཏང་ཡོད། སྤུས་རྟགས་ཀྱི་མིང་གྲགས་ཆེ་རུ་གཏོང་ཆེད། ཀུང་སིས་ད་དུང་ཧྲན་མུའུ་དང་ཧེ་མཱ་སོགས་རྩེར་སོན་གྱི་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་དང་འབྲེལ་མཐུད་མཐུན་སྦྱོར་བྱས་ཏེ་འགྲེམས་སྟོན་དང་བྲོ་བ་ལྟ་བ་སོགས་ཀྱི་བྱེད་སྟངས་བརྒྱུད། མི་དེ་བས་མང་བས་བོད་ཀྱི་པད་ཁའི་སྣུམ་ལ་རྒྱུས་ལོན་དང་ངོས་འཛིན་ཐུབ་པར་བྱས་ཡོད། གསར་འགོད་པར་ཤེས་རྟོགས་བྱུང་བར། 2024ལོར་ཀུང་སིར་བྲིན་ཚོང་ཡོང་འབབ་སྒོར་ཁྲི་2200བྱུང་ཡོད།

    ཐོན་ལས་གཞི་ཁྱོན་གྱི་རྒྱ་སྟོབས་ཟམ་མི་ཆད་པར་ཆེ་རུ་ཕྱིན་རུང་། ཀུང་སིས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་བསྒྲུབས་ཏེ་ས་གནས་དེ་གའི་ཞིང་འབྲོག་པ་སྔོན་ལ་བསྡུས་ནས་ལས་ཞུགས་བྱས་པ་དེས་ཁོང་ཚོར་ཡོང་སྒོ་བརྟན་པོ་བྱུང་བ་མ་ཟད། ཐོན་ལས་དབུལ་སྐྱོར་བྱས་པ་བརྒྱུད། ཉེ་འཁོར་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཀྱང་ཐུབ་ནས་གྲོང་གསེབ་དར་རྒྱས་ཡོང་བར་རམ་འདེགས་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།