རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་མེ་ཏོག་མཐའ་མཚམས་ཕྱོགས་སུ་རྣམ་པར་བཞད།
— 《སྤྱི་སྐད་བརྗོད་པ་ཆིག་སྟོང་མ》མཐའ་མཚམས་སུ་འབུལ་ཞེས་པའི་བྱེད་སྒོ་བདེ་བླག་ངང་སྤེལ་བ།
ཟླ་5ཚེས་26ཉིན། བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང(རྩོམ་སྒྱུར་ཅུད)གིས་མཐའ་མཚམས་ཀྱི་སྐད་ཡིག་རྨང་གཞི་བརྟན་དུ་གཏོང་ཆེད《སྤྱི་སྐད་བརྗོད་པ་ཆིག་སྟོང་མ》མཐའ་མཚམས་སུ་འབུལ་ཞེས་པའི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་སྤེལ་བ་རེད།
འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།
ཡུལ་སྨད་ཤང་ནི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གི་བྱང་ཤར་ཁུལ་དུ་གནས་པ་དང་། ཆ་སྙོམས་ཀྱི་ས་བབ་མཐོ་ཚད་སྨི་3650ཙམ་ཟིན། དུས་རབས་གོང་མ་ནས་བཟུང་དུས་ཡུན་རིང་པོ་ཞིག་གི་རིང་ས་ཆ་དེར་ཕ་སངས་རྒྱས་ཆོས་དཔལ་དང་། བུ་མོ་སྒྲོལ་དཀར་དང་གཡང་འཛོམས་བཅས་ལས་མེད་སྟབས“མི་གསུམ་གྱི་ཤང”ཞེས་པའི་འབོད་སྲོལ་ཆགས་ཡོད། ད་ཆ“མི་གསུམ་གྱི་ཤང”དེ་དུད་ཚང་67དང་མི་གྲངས་200ལྷག་ཙམ་ཡོད་པའི་འབྱོར་འབྲིང་གི་ཤང་ཞིག་ཡིན་པ་དང་། ཀྲུང་གོའི་མཐའ་མཚམས་འཕེལ་རྒྱས་གཏོང་བའི་གསོན་ཉམས་ལྡན་པའི་བསྡུས་རིས་ཤིག་ཏུ་གྱུར།
འདི་ནི་ཡུལ་སྨད་ཤང་གི་ཡུལ་ལྗོངས་ཡིན་པ།
ད་ཐེངས་ཀྱི་མཐའ་མཚམས་ཀྱི་སྐད་ཡིག་རྨང་གཞི་བརྟན་དུ་གཏོང་ཆེད《སྤྱི་སྐད་བརྗོད་པ་ཆིག་སྟོང་མ》མཐའ་མཚམས་སུ་འབུལ་ཞེས་པའི་བྱེད་སྒོ་དེ་རྒྱལ་ཁབ་ཀྱི་སྐད་ཡིག་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། མཐའ་མཚམས་ས་ཁུལ་གྱི་སྐད་ཡིག་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དངོས་ཡོད་ཀྱི་བྱ་སྤྱོད་ཅིག་ཀྱང་ཡིན། བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང(རྩོམ་སྒྱུར་ཅུད)གིས་ཇུས་འགོད་ཞིབ་ཚགས་བྱས་ཏེ《རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ཚིག་མཛོད》དང《སྤྱི་སྐད་བརྗོད་པ་ཆིག་སྟོང་མ》ཞེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དང་། དཔྱད་གཞི་དེ་གཉིས་སྔ་རྗེས་སུ་རྒྱལ་ཁབ་ཀྱི་གསར་འགྱུར་དཔེ་སྐྲུན་ཧྲུའུ་ཡིས་ཁྱབ་བསྒྲགས་བྱས་པའི་2023ལོའི་ཞིང་པའི་དཔེ་ཁང་གི་གཙོ་གནད་དཔེ་སྐྲུན་དངོས་པོ་འོས་སྦྱོར་གྱི་དཀར་ཆག་ཁྲོད་དང་བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་ཁྱིམ་དཔེ་ཁང་དང་དགོན་པའི་དཔེ་ཁང་གི་དཀར་ཆག་ཁྲོད་བདམས་པ་དེས། མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་པར་སྟབས་བདེ་ཆེན་པོ་བསྐྲུན་ཡོད།
བྱེད་སྒོ་སྤེལ་ཡུལ་དུ་བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང(རྩོམ་སྒྱུར་ཅུད)དང་ལྷོ་ཁ་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་གྲོང་མིར《སྤྱི་སྐད་བརྗོད་པ་ཆིག་སྟོང་མ》དང《རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ཚིག་མཛོད》《སྤྱི་པའི་ཞབས་ཞུ་ཁྱབ་ཁོངས་ཀྱི་བོད་ཡིག་ཚད་ལྡན་སྒྱུར་ཡིག》སོགས་ཀྱི་དཔེ་དེབ་སྤྲད་པ་དང་། ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མིས་རང་ཉིད་ཀྱི་ཉམས་མྱོང་དང་ཟུང་འབྲེལ་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་པའི་མྱོང་ཚོར་སྤེལ་རེས་བྱས། ས་གནས་ས་ཐོག་ཏུ་ད་དུང་མཉམ་དུ་དཔེ་སྟོན་སློབ་ཚན་བཀོད་སྒྲིག་བྱས་པ་དང《སྤྱི་སྐད་བརྗོད་པ་ཆིག་སྟོང་མ》ཞེས་པ་དམིགས་ནས་སློབ་ཁྲིད་བྱས་ཁར། གཙོ་བོ་འཚོ་བའི་ཁྲོད་ཀྱི་རྒྱུན་བཀོལ་སྐད་ཆ་གཙོ་གནད་དུ་བཟུང་ནས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། དེ་བཞིན“སློབ་སྦྱོང — སྦྱོང་བརྡར — བེད་སྤྱོད”གཞི་གཅིག་ཅན་གྱི་སློབ་སྦྱོང་བྱེད་ཐབས་དཔེ་སྟོན་བྱས་ནས་གྲོང་མིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཇི་ལྟར་བྱས་ནས་རྒྱུན་ལྡན་གྱི་སྤེལ་རེས་དང་ཐོན་སྐྱེད་འཚོ་བའི་ཁྲོད་མཉམ་འདྲེས་ཐུབ་རྒྱུར་མཛུབ་ཁྲིད་བྱས་པ་རེད།
འདི་ནི་མོན་པའི་གཞོན་པ་སྟོབས་རྒྱལ་ཡིན་པ།
མཚོ་སྣ་གྲོང་ཁྱེར་ལེགས་པོ་རོང་ནས་ཡིན་པའི་སྟོབས་རྒྱལ་གྱིས་བྱེད་སྒོ་སྤེལ་ཡུལ་དུ་རང་ཉིད་ཀྱི་མྱོང་ཚོར་མཉམ་སྤྱོད་བྱས་པ་དང་། ཁོང་གིས“ང་ཚོ་ཞིང་འབྲོག་ཁུལ་དུ་ངའི་ཕ་རབས་དང་འདྲ་བའི་ཡུལ་མི་མང་པོ་ཞིག་མི་ཚེ་གང་པོ་ཕྱི་ཕྱོགས་སུ་འགྲོ་མྱོང་མེད། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་མ་ཤེས་པས་ཚོང་ཟོག་ངོ་སྤྲོད་ཡག་པོ་བྱེད་མ་ཐུབ་པའི་ཁར་གོང་ཚད་ཀྱང་མཐོན་པོ་རག་གི་མེད། དེ་བཞིན་གྲོང་ཁྱེར་དུ་སྨན་ཁང་བསྟེན་སྐབས་སུའང་ནད་རྐྱེན་ཡག་པོ་ལབ་མ་ཐུབ་པས་སེམས་ཁྲལ་ཁོ་ན་བྱ་རྒྱུ་ལས་ཐབས་གཞན་མེད”ཅེས་བཤད། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ནི་འབྲེལ་ཟམ་ཞིག་དང་འདྲ་ཞིང་། ཏང་གི་སྲིད་ཇུས་བཟང་པོ་དང་། ཁྲོམ་རའི་གོ་སྐབས་བཟང་པོ། སྔོན་ཐོན་གྱི་ལག་རྩལ་དང་ཤེས་བྱ་བཅས་ང་ཚོའི་འཚོ་བ་དང་དམ་པོར་འབྲེལ་ཡོད། སྟོབས་རྒྱལ་གྱིས “སྔོན་ཆད་དབྱར་རྩྭ་དགུན་འབུ་དང་སྤུ་ནག་འཚོང་སྐབས་བར་ཚོང་ལ་བརྟེན་དགོས་མོད། ད་ཆ་ས་ཆ་གཞན་གྱི་སྦྱིན་བདག་དང་ཐད་ཀར་རིན་གོང་གོ་བསྡུར་བྱེད་ཆོག་པས་ཡོང་འབབ་མི་ཉུང་བ་ཞིག་འཕར་ཡོད། རྒྱུན་པར་ལག་ཐོགས་ཁ་པར་ཐོག་ནས་གསོ་སྤེལ་ལག་རྩལ་དང་གནམ་གཤིས་སྔོན་བརྡ་ལ་ལྟ་ཐུབ་པ་མ་ཟད། ད་དུང་དྲ་ཐོག་ནས་ཁྱད་ལྡན་ཐོན་རྫས་ས་ཆ་གཞན་དུ་འཚོང་ཐུབ་ཀྱི་ཡོད”ཅེས་བཤད།
འདི་ནི《སྤྱི་སྐད་བརྗོད་པ་ཆིག་སྟོང་མ》དང《རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ཚིག་མཛོད》སོགས་ཀྱི་དཔེ་ཆ་ཁག་ཡིན་པ།
བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང(རྩོམ་སྒྱུར་ཅུད)ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་ཟླ་བ་ཚེ་རིང་གིས“རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ནི་མི་རིགས་ཁག་དབར་འབྲེལ་འདྲིས་བྱེད་པའི་འབྲེལ་ཟམ་ཞིག་ཡིན་པ་དང་། མཐའ་མཚམས་ས་ཁུལ་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བ་དེས་འབྲེལ་མཐུད་བདེ་བླག་གི་མཐའ་མཚམས་སྐད་ཡིག་ཁོར་ཡུག་བསྐྲུན་རྒྱུ་དང་། རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུ། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་བཅས་ལ་གལ་ཆེའི་དོན་སྙིང་ལྡན་ཡོད། མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁོང་དུ་ཆུད་པ་བྱ་རྒྱུ་དེ་མཐའ་མཚམས་མང་ཚོགས་ཀྱིས་དེང་རབས་སྤྱི་ཚོགས་ཁྲོད་མཉམ་འདྲེས་ཡོང་བ་དང་། ལས་ཞུགས་དང་ལས་གཏོད་ནུས་པ་མཐོར་འདེགས་གཏོང་བ། འཕེལ་རྒྱས་ཀྱི་བར་སྟོང་རྒྱ་ཆེར་གཏོང་བ་བཅས་ཀྱི་དགོས་ངེས་ཀྱི་རྩལ་ནུས་ཤིག་ཏུ་གྱུར་ཡོད་ལ། མཐའ་མཚམས་མང་ཚོགས་ཀྱི་ཀྲུང་ཧྭའི་རིག་གནས་ཀྱི་མོས་སེམས་ཆེ་རུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་བཅས་ཀྱི་འགག་རྩ་ཞིག་ཀྱང་ཡིན”ཞེས་བཤད།
འདི་ནི་བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང(རྩོམ་སྒྱུར་ཅུད)གི་ལས་དོན་པས་ཡུལ་སྨད་ཤང་གི་མང་ཚོགས་ལ་སློབ་སྦྱོང་ཐབས་ལམ་མཛུབ་སྟོན་བྱེད་བཞིན་པ།
ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་ལས་བྱེད་པ་ཚེ་རིང་མཚམས་གཅོད་ཀྱིས“《སྤྱི་སྐད་བརྗོད་པ་ཆིག་སྟོང་མ》ནི་མཐའ་མཚམས་ལས་བྱེད་པ་དང་མང་ཚོགས་ཀྱིས་ཡུན་རིང་རེ་སྒུག་བྱེད་པའི་སློབ་སྦྱོང་གི་དཔྱད་གཞི་ཞིག་ཡིན། དཔེ་དེབ་དེ་གཙོ་བོ་འཚོ་བ་དང་། སློབ་སྦྱོང་། ལས་ཀ་བཅས་ཀྱི་རྒྱུན་མཐོང་གི་སྣང་ཚུལ་ལ་དམིགས་ཡོད་སྟབས་སློབ་སྦྱོང་ལ་སྟབས་བདེ་བསྐྲུན་ཡོད། ཡུལ་སྨད་ཤང་གི་ལས་བྱེད་པ་དང་ལས་བཟོ་བས་ད་ཐེངས་ཀྱི་དཔེ་དེབ་འབུལ་བའི་བྱེད་སྒོ་དེ་གོ་སྐབས་བཟང་པོ་ཞིག་ཏུ་བརྩིས་ནས། ཕྱིས་སུ་སྤྱི་སྐད་ཀྱི་གལ་ཆེའི་དོན་སྙིང་དང་བྱེད་སྒོའི་གྲུབ་འབྲས་ཁག་དྲིལ་བསྒྲགས་དང་ཁྱབ་གདལ་རྒྱ་ཁྱབ་ཏུ་བཏང་སྟེ། མཐའ་མཚམས་མང་ཚོགས་ལ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་ཧུར་ཐག་བྱ་རྒྱུའི་སྐུ་སློང་བྱས་ནས་སློབ་སྦྱོང་གི་ཚ་རླབས་འཕྱུར་བ་དང་། མང་ཚོགས་ཀྱིས་སྦྱོང་འདོད་པ་དང་། སྦྱངས་ནས་ཤེས་པ། ཤེས་ནས་བེད་སྤྱོད་ཡག་པོ་གཏོང་ཐུབ་པ་བཅས་བྱེད་དུ་འཇུག་རྒྱུ་ཡིན”ཞེས་བཤད།
ད་ཐེངས་ཀྱི་བྱེད་སྒོ་དེ་ཡུལ་སྨད་ཤང་ནས་འགོ་བཙུགས་ཏེ་ལྷོ་ཁ་དང་། གཞིས་རྩེ། ཉིང་ཁྲི། མངའ་རིས་སོགས་ཀྱི་མཐའ་མཚམས་གྲོང་ཚོ་དང་གྲོང་རྡལ་དུ་བསྐྱོད་ནས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི་ལས་དོན་སྤེལ་རྒྱུ་ཡིན་པ་དང་། ཁྱབ་སྤེལ་བྱེད་སྟངས་ཕུན་སུམ་ཚོགས་པོ་ཡོད་དེ། གཅིག་བསྡུས་སློབ་ཁྲིད་བྱེད་པ་མ་ཟད། ད་དུང་ཡུལ་བབ་དང་བསྟུན་ནས་གཏམ་བཤད་འགྲན་བསྡུར་དང་། གྱེར་འདོན་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་ནས་སློབ་སྦྱོང་གི་རྣམ་པ་ཟབ་མོ་བསྐྲུན་རྒྱུ་ཡིན་པ་རེད།
(ཉི་མ་ཚེ་རིང་དང་ཚེ་བརྟན་རྡོ་རྗེས་བསྒྱུར་ཞུས་བྱས)