དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དར་རྒྱས་ལྷུན་གྲུབ་ཀྱིས་བརྗོད་དོན།

    མེས་རྒྱལ་གྱི་མཐའ་མཚམས་མུ་མཐུད་ཡག་པོ་སྲུང་གི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-30

    ཆ་སྙོམས་ས་བབ་སྨི་4400ཟིན་པའི་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་མདའ་འབབ་ཤང་མདོངས་པོ་གྲོང་ཚོར་རྒན་ཤེལ་ཞིག་བཏགས་ནས་གོམ་པ་ཁྱར་ཁྱོར་རྒྱག་མཁན་གྱི་གཟུགས་བརྙན་ཞིག་རྟག་ཏུ་མཐོང་རྒྱུ་ཡོད། ཁོང་ནི་བློ་གཅིག་སེམས་གཅིག་གིས་ཕ་ཡུལ་སྲུང་མཁན་དང་ཡུལ་མི་ཚོར་ཕྱུག་འགྱུར་གྱི་ལམ་བུ་གཏོད་མཁན་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དར་རྒྱས་ལྷུན་གྲུབ་རེད།

    དར་རྒྱས་ལྷུན་གྲུབ་1967ལོར་སྐྱེས་པ་དང་། ལོ་16གི་སྐབས་ཁོང་གིས་མདོངས་པོ་གྲོང་ཚོའི་ཙུའུ་གསུམ་པའི་ཙུའུ་ཀྲང་དང་རྩིས་པའི་འགན་གཅིག་ལྕོགས་ཁུར། དུས་དེ་ནས་བཟུང་ཁོང་གིས་སེམས་ནུས་ཡོད་ཚད་ས་གཞི་དེའི་ཐོག་བཏོན། 2003ལོར་ཕུལ་དུ་བྱུང་བའི་ལས་ཀའི་གྲུབ་འབྲས་ལས་ཁོང་མདོངས་པོ་གྲོང་ཚོའི་གྲོང་ལྷན་གྱི་ཀྲུའུ་རེན་གཞོན་པར་བདམས་པ་རེད།

    ཀྲུའུ་རེན་གཞོན་པའི་འགན་ཁུར་རྗེས། དར་རྒྱས་ལྷུན་གྲུབ་ཀྱིས་གྲོང་མིའི་ཆུ་དཀོན་པའི་གནད་དོན་ལ་དམིགས་ནས་གྲོང་མི་16ཁྲིད་དེ་རི་ལ་ཆུ་འགོ་འཚོལ་བ་དང་ཆུ་ཡུར་བཟོ་བ་སོགས་བྱས། “སྐབས་དེ་དུས་རི་ལ་ལོ་ཕྱེད་ལྷག་སྡོད་དགོས་བྱུང་ཡོད་ནའང་ཆུ་འགོ་རྙེད་ནས་ཁྲོན་པ་གསུམ་དྲུས་པས། ཚང་མའི་ཆུ་དཀོན་པའི་གནད་དོན་ཐག་གཅོད་ཐུབ་སོང”ཞེས་ཁོང་གིས་འདས་དོན་ལ་ཕྱིར་དྲན་བྱེད་བཞིན་བརྗོད།

    2014ལོར། དར་རྒྱས་ལྷུན་གྲུབ་ཀྱིས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་ཁུར། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་ཚེ། གཞི་ནས་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པའི་གནས་ལུགས་ཁོང་གིས་གསལ་པོར་རྟོགས། སྐབས་དེ་དུས་མདོངས་པོ་གྲོང་ཚོར་ཚོང་ཁང་ངོ་དྲག་པ་གཅིག་ཀྱང་མེད་པས་འཚོ་བའི་མཁོ་ཆས་ཚང་མ་ལུང་པ་གཞན་གྱི་ཚོང་པས་མཁོ་འདོན་བྱེད་དགོས་སྟབས་རིན་གོང་མཐོ་བ་མ་ཟད། ད་དུང་སྤུས་ཚད་ཀྱང་འགན་ལེན་ཐུབ་ཀྱི་མེད། དེར་བརྟེན་དར་རྒྱས་ལྷུན་གྲུབ་ཀྱིས་གྲོང་ཚོའི“ཨུ་ལྷན་གཉིས”ལ་གྲོང་ཚོའི་མཉམ་སྡེབ་དམངས་ཕན་ཚོང་ཁང་ཞིག་འཛུགས་རྒྱུའི་གྲོས་འགོ་བཏོན།

    “འོན་ཀྱང་ཚང་མར་གྱོང་གུན་དོགས་ཀྱི་སེམས་ཁྲལ་བྱུང་། ངས་ཚང་མར་སྒོར་ཁྲི་1གྲབས་གསོག་བྱེད་དུ་བཅུག་པ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་ནས་མ་དངུལ་ཁག་གཅིག་འདོན་རྒྱུའི་ཐག་བཅད་པ་ཡིན། གལ་སྲིད་ཚང་མས་ཧུར་ཐག་འབད་ཐག་བྱས་ཚེ་ལེགས་གྲུབ་ཐུབ་ངེས་ཡིན་པའི་ལྕག་སྐུལ་བྱས་པ་ཡིན”ཞེས་དར་རྒྱས་ལྷུན་གྲུབ་ཀྱིས་བརྗོད།

    ད་ཆ་མ་དངུལ་སྒོར་ཁྲི་10བཏང་བའི་ཚོང་ཁང་དེ་ནས་གྲོང་མིས་སྤུས་ལེགས་གོང་ཁེའི་ཚོང་ཟོག་ཉོ་ཐུབ་པ་མ་ཟད། ད་དུང་ལོ་ལྟར་མ་རྐང་གཞིར་བཟུང་ཁེ་བཟང་སྒོར་ཁྲི་5ནས་6བར་བགོ་འགྲེམས་རྒྱག་རྒྱུ་ཡོད།

    མདོངས་པོ་གྲོང་ཚོའི་འབྲོག་ལས་ཐོན་ཁུངས་གང་ལེགས་སྤྱོད་ཆེད། 2017ལོར་དར་རྒྱས་ལྷུན་གྲུབ་ཀྱིས་གྲོང་ཚོའི“ཨུ་ལྷན་གཉིས”དང་མཉམ་དུ་བཞོན་མ་གསོ་ཚགས་རྟེན་གཞིའི་ཆེད་ལས་མཉམ་ལས་ཁང་ཞིག་བཙུགས། གྲོང་མིའི་ཕྱུགས་ཟོག་དང་ངལ་ནུས་མ་རྐང་ནང་ཞུགས་པས་མ་རྐང་གཞིར་བཟུང་བགོ་འགྲེམས་རག་སྟབས། ངལ་ནུས་ཕྱུགས་འཚོའི་ཁྲོད་ནས་བཅིངས་འགྲོལ་ཐུབ་པ་དང་མང་ཚོགས་ཀྱི་ཡོང་འབབ་ཀྱང་སྔར་བས་མང་དུ་སོང་བ་རེད།

    དང་ཐོག་མཉམ་ལས་ཁང་འཛུགས་སྐབས་གྲོང་མིས་ལྟ་སྟངས་དེ་ཙམ་ཡག་པོ་འཛིན་གྱི་མེད། “ཚང་མས་མཉམ་ལས་ཁང་ལ་རྒྱུས་མངའ་མེད་སྟབས་མི་ཁག་གཅིག་གིས་དེ་ཆོ་མེད་ཀྱི་ལས་ཀ་རེད་སྙམ་ནས་དེའི་ནང་ཞུགས་འདོད་མི་བྱེད། འོན་ཀྱང་ངས་བློས་རྩ་བ་ནས་བཏང་མེད། ཉིན་མོ་གྲོང་ཚོའི་ལས་ཀ་བྱེད་པ་དང་དགོང་མོ་ཁྱིམ་ཚང་རེ་རེ་བཞིན་ལ་བསམ་བློའི་སློབ་གསོ་རྒྱག་པར་འགྲོ་གི་ཡོད”ཅེས་དར་རྒྱས་ལྷུན་གྲུབ་ཀྱིས་དགོད་འཚེར་འཚེར་ངང་དེ་ལྟར་བརྗོད།

    གྲོང་མི་ཚེ་རིང་མཚོ་མོས“སྐབས་དེ་དུས་ཧྲུའུ་ཅི་ངའི་ཁྱིམ་དུ་ཡང་སེ་ཕེབས་ནས་ངང་རྒྱུད་རིང་པོས་ང་ཚོར་མཉམ་ལས་ཁང་ནང་ཞུགས་ཚེ་ཕན་པ་གང་དག་ཡོད་མེད་སྐོར་ཆུ་ཚོད་ཁ་ཤས་གསུངས་ཀྱི་ཡོད། དེ་རྗེས་ང་ཚོ་ཡང་མཉམ་ལས་ཁང་ནང་ཞུགས་པ་ཡིན། ཁོང་གི་འབད་བརྩོན་འོག་ད་ཆ་དུད་ཚང་31གི་གྲོང་མིས་སྒོ་ཕྱུགས་མ་རྐང་ནང་ཞུགས་པས། ཉེ་བའི་ལོ་གཉིས་རིང་ལོ་ལྟར་བགོ་འགྲེམས་ཡག་པོ་རག་བྱུང”ཞེས་ཕྱིར་དྲན་བྱེད་བཞིན་བཤད།

    ལོ་དེ་རང་དུ་དར་རྒྱས་ལྷུན་གྲུབ་ཀྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ནས་མ་དངུལ་ཁག་གཅིག་བཏོན་ཏེ་སྔ་རྗེས་སུ་ས་བླུགས་འཕྲུལ་འཁོར་ཉོས་ནས་ཉེ་འགྲམ་གྱི་རྣམ་གྲངས་ཨར་ལས་ས་ཚིགས་སུ་བོགས་མར་བཏང་བས་གྲོང་མིར་ལས་ཞུགས་ཀྱི་གོ་སྐབས་བྱུང་ཞིང་། རིམ་རྩིས་བརྒྱབ་ན་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་443082ཟིན་པ་རེད།

    2021ལོར་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་དུས་སུ་དར་རྒྱས་ལྷུན་གྲུབ་ཀྱིས་ན་གཞོན་འཇོན་ཐང་ཅན་ལ་ཧྲུའུ་ཅིའི་འགན་འཁུར་དུ་བཅུག་པ་དང་། ལས་གནས་ལས་བྲལ་རྗེས་ཁོང་གིས་སྔར་བཞིན་གྲོང་ཚོའི་མཐའ་མཚམས་སྐོར་གཡེང་རུ་ཁག་གི་རུ་དཔོན་གྱི་འགན་ཁུར། “མཐའ་སྲུང་འགན་འཁྲི་རི་བོ་ཐའེ་ཧྲན་ལས་ལྕི་བའི”འདུ་ཤེས་མཐའ་འཁྱོངས་ཀྱིས་རྐང་ཐང་དང་། རྟ། སྦག་སྦག་སོགས་ལ་བརྟེན་ནས་མེས་རྒྱལ་གྱི་མཐའ་མཚམས་ལམ་རྒྱུད་ཁག་ཏུ་སྐོར་གཡེང་ལ་སོང་། དར་རྒྱས་ལྷུན་གྲུབ་ཀྱིས“ངའི་གཟུགས་པོས་ལྕོགས་ཚེ་མུ་མཐུད་མེས་རྒྱལ་གྱི་མཐའ་མཚམས་ཡག་པོ་སྲུང་གི་ཡིན”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།