དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ལག་རྩལ་གསར་པ་དམར་ཁྲིད་བྱས། ཐོན་ལས་འཕེལ་རྒྱས་ཏན་ཏིག་བཏང་།

    —— པེ་ཅིང་གི་བོད་སྐྱོར་ཚོགས་པས་སྙེ་མོ་རྫོང་གི་འདེབས་འཛུགས་ལས་རིགས་སྤུས་འབྲས་ལེགས་གཉེར་ཡོང་བར་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-30

    ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་147ཙམ་ཡོད་པའི་སྙེ་མོ་རྫོང་དུ་ཆ་སྙོམས་ས་བབ་སྨི་3800ཡོད་ཅིང་། ས་མཐོའི་དྲོ་ཁུལ་གྱི་ཕྱེད་ཐན་པའི་དུས་རླུང་གནམ་གཤིས་ཁུལ་ཡིན་པ་དང་། ས་ཆའི་ཆགས་ཚུལ་ནུབ་རྒྱུད་མཐོ་ལ་ཤར་རྒྱུད་དམའ་ཞིང་། དུས་བཞིའི་དབྱེ་བ་གསལ་བ། དབྱར་དུས་ཆར་ཆུ་འབེལ་བས་ས་མཐོའི་འདེབས་འཛུགས་ལས་རིགས་འཕེལ་རྒྱས་གཏོང་བར་འཚམ་པོ་ཡོད།

    ཉེ་བའི་ལོ་ཤས་རིང་། པེ་ཅིང་གི་བོད་སྐྱོར་ཚོགས་པས་སྙེ་མོ་རྫོང་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས། ས་གནས་དེ་གའི་མང་ཚོགས་དང་སྤེལ་རེས་གཏིང་ཟབ་བྱེད་པའི་བརྒྱུད་རིམ་ནང་མང་ཚོགས་ཀྱིས་སྔོ་ཚལ་དང་ཤིང་ཏོག་འདེབས་འདོད་ཆེ་ཙམ་བྱེད་མོད། འོན་ཀྱང་སྔོ་ཚལ་བཏབ་པའི་དཔལ་འབྱོར་གྱི་ཕན་འབྲས་ཡག་པོ་དེ་ཙམ་མེད་པ་ཤེས་རྟོགས་བྱུང་ཡོད། བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་བ་བརྒྱུད། པེ་ཅིང་གི་བོད་སྐྱོར་ཚོགས་པས་སྙེ་མོ་རྫོང་དུ་སྐྱེ་ལྡན་ཞིང་ལས་འཕེལ་རྒྱས་གཏོང་རོགས་བྱེད་པ་དང་། སྤུས་ལེགས་འབྲི་ཏ་ས་འཛིན་དང་སེའུ་དམར་སོགས་འདེགས་འཛུགས་རྣམ་གྲངས་ནང་འདྲེན་བྱེད་པ་དང་འབྲེལ། ལྗོངས་ཕྱིའི་ཕུལ་བྱུང་འདེབས་འཛུགས་ལག་རྩལ་ས་མཐོར་ནང་འདྲེན་བྱས་ཏེ་ས་མཐོའི་འདེབས་འཛུགས་ལས་རིགས་འཕེལ་རྒྱས་གཏོང་བར་ལག་རྩལ་གྱི་འདེགས་སྐྱོར་ཤུགས་ཆེན་བྱ་རྒྱུའི་ཐག་བཅད།

    སྙེ་མོ་རྫོང་ཐོན་མི་དེང་རབས་ཞིང་ལས་ཐོན་ལས་གླིང་གི་འགན་འཁུར་བ་བུ་ཆུང་གིས། “སྔོན་ཆད་གླིང་ཁུལ་ཧྲིལ་པོ་སྐྱ་ཐེར་ཐེར་གྱི་ཐང་རྒོད་ཡིན་ནའང་2016ལོར་པེ་ཅིང་གི་བོད་སྐྱོར་རྣམ་གྲངས་བརྒྱུད་སྤུས་ལེགས་ཤིང་ཏོག་འདེབས་སའི་འགྱིག་ཤོག་དྲོད་ཁང་ཆེན་པོ་བསྐྲུན་པས། ཐང་རྒོད་གསར་སྤེལ་དང་བེད་སྤྱོད་ཐུབ་པ་མ་ཟད། ད་དུང་སྔོན་ཐོན་གྱི་འདེབས་འཛུགས་ལག་རྩལ་མང་པོ་ནང་འདྲེན་དང་། རིགས་གཅིག་མཁས་ཅན་གདན་དྲངས་ནས་མང་ཚོགས་ལ་འདེབས་འཛུགས་ལག་རྩལ་དམར་ཁྲིད་བྱས་པས་ས་གནས་འདི་གའི་འདེབས་འཛུགས་ཁོར་ཡུག་ལེགས་སུ་ཤུགས་ཆེན་ཕྱིན་ཡོད”ཅེས་བཤད།

    2023ལོར་པེ་ཅིང་གི་བོད་སྐྱོར་ཚོགས་པས་སྔོ་ཚལ་དྲོད་ཁང་སྟར་པ་1སྒྱུར་བཀོད་ཀྱིས་འབྲི་ཏ་ས་འཛིན་གྱི་མྱུ་གུ་རྐང་9000བཏབ་པ་བརྒྱུད། ཐོན་འབབ་རྒྱ་མ་2200དང་བྲིན་ཚོང་དངུལ་འབོར་སྒོར་ཁྲི་8ཟིན་པའི་ཚད་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ་སྟེ་སྙེ་མོ་རྫོང་ཁོངས་སུ་འབྲི་ཏ་ས་འཛིན་གཞི་ཁྱོན་ཅན་གྱི་འདེབས་འཛུགས་ཀྱི་སྟོང་ཆ་བསྐངས་ཡོད། 2024ལོའི་ཟླ་8པར། པེ་ཅིང་གི་བོད་སྐྱོར་ཚོགས་པས་སྔར་ཡོད་ཀྱི་སྔོ་ཚལ་འགྱིག་ཤོག་དྲོད་ཁང་ཆེན་པོ་10འབྲི་ཏ་ས་འཛིན་འདེབས་སའི་ཆེད་སྤྱོད་དྲོད་ཁང་དུ་སྒྱུར་བཀོད་བྱ་རྒྱུའི་འཆར་འགོད་བཀོད་སྒྲིག་བྱས་པ་མ་ཟད། ཡུག་སྦྲེལ་འགྱིག་ཤོག་དྲོད་ཁང་ཆེན་པོ་སྟར་པ་10ཡི་སྐྱེ་དངོས་གཙང་སེལ་དང་འདེབས་ས་གྲ་སྒྲིག་གི་ལས་དོན་བདེ་བླག་ངང་ལེགས་གྲུབ་བྱས་པ་རེད།

    ས་གནས་ས་ཐོག་ཏུ་གསར་འགོད་པས། ཐོན་ལས་གླིང་གི་ས་མཐོའི་ཤིང་ཏོག་གི་འགྱིག་ཤོག་དྲོད་ཁང་ཚང་མར་འཕྲུལ་མིག་དང་དྲོད་ཚད་ཚོད་འཛིན་ཡོ་བྱད་སོགས་སྒྲིག་ཆས་བསྒར་ནས། པེ་ཅིང་ཧྲུན་དབྱིའི་རིགས་གཅིག་མཁས་ཅན་ཚོས་འགྱིག་ཤོག་དྲོད་ཁང་གི་དྲོད་ཚད་དང་བཞའ་ཚན་ལ་འཕྲལ་དུ་ལྟ་ཞིབ་ཐུབ་པ་དང་མྱུ་གུ་སྐྱེ་འཚར་ལ་དུས་དང་རྣམ་པ་ཀུན་ཏུ་དོ་སྣང་ཐུབ་པར་སྟབས་བདེ་སྐྲུན་བཞིན་ཡོད་པ་མཐོང་བྱུང་། དཔེར་ན། ཆུ་དང་ལུད་མང་ཉུང་འཚམ་པོ་བྱུང་ཡོད་མེད་དང་། གནོད་འབུ་ཡོད་མེད། རླུང་སྒོ་ཁ་རྒྱག་དགོས་མིན་སོགས་རེད། དེ་དང་ཆབས་ཅིག་བྱེད་སྟངས་དེ་རིགས་བརྒྱུད་འདེབས་འཛུགས་དུད་ཚང་དང་འབྲེལ་གཏུག་བྱས་ནས། འདེབས་འཛུགས་བྱེད་པའི་བརྒྱུད་རིམ་ཁྲོད་འཕྲད་པའི་གནད་དོན་སྣ་ཚོགས་ལ་དུས་ཐོག་ཏུ་ལན་བཏབ་སྟེ་ས་གནས་དེ་གའི་འདེབས་འཛུགས་ལས་རིགས་སྤུས་འབྲས་ལེགས་གཉེར་ཡོང་བར་རོགས་རམ་གང་ཐུབ་བྱས་པ་རེད།

    པེ་ཅིང་གི་བོད་སྐྱོར་ཚོགས་པས་སྙེ་མོ་རྫོང་གི་འདེབས་འཛུགས་ལས་རིགས་ལ་ས་གནས་དེ་གར་གནས་ཐུབ་པའི་དཔུང་ཁག་ཅིག་བཞག་ཡོད་ལ། ལྗོངས་ཕྱིའི་སྔོན་ཐོན་ལག་རྩལ་དང་སྒྲིག་ཆས་ཀྱང་ས་མཐོར་ནང་འདྲེན་བྱས་ཡོད།

    ད་ཆ་སྙེ་མོ་རྫོང་གི་འབྲི་ཏ་ས་འཛིན་དང་སེའུ་དམར་སོགས་ས་མཐོའི་ཁྱད་ལྡན་ཤིང་ཏོག་ལྷ་ས་དང་དེ་བཞིན་ཉེ་འཁོར་གྱི་རྫོང(ཆུས)གི་གྲོང་མིར་ཚོང་གི་ཡོད། བསྡོམས་རྩིས་གྲངས་གཞིར་གཞིགས་ན། 2024ལོར་སྙེ་མོ་རྫོང་གི་སེའུ་དམར་འགྱིག་ཤོག་དྲོད་ཁང་ནས་ཁྱོན་སེའུ་དམར་རྒྱ་མ་5250ཐོན་པ་དང་། བྲིན་ཚོང་ཡོང་འབབ་སྒོར་ཁྲི་40ཟིན་པ་དེ་2022ལོའི་ཐོག་མའི་ཐོན་འབབ་རྒྱ་མ་1500ལས་ལྡབ་2.5འཕར་ཏེ་ས་མཐོའི་ཁྱད་ཆོས་ལྡན་པའི་སེའུ་དམར་ཐོན་ལས་དཔེ་སྟོན་ཁུལ་བཏོད་ཡོད། 2025ལོའི་ཟླ་5པའི་ཟླ་མཇུག་བར། འབྲི་ཏ་ས་འཛིན་རྣམ་གྲངས་ལ་ཐོན་འབབ་རྒྱ་མ་ཁྲི་1.66དང་བྲིན་ཚོང་ཡོང་འབབ་སྒོར་ཁྲི་29.7བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།