རང་ལྗོངས་ཀྱི་གྲངས་འཛིན་གྲོང་གསེབ་འཛུགས་སྐྲུན་གྱིས་གྲོང་གསེབ་དར་རྒྱས་ལ་མཐུན་རྐྱེན་སྦྱར་བ།
འཕྱོངས་རྒྱས་རྫོང་གི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁོངས་གཏོགས་ཀྱི“གྲོང་གསེབ་ཀྱི་གྲངས་འཛིན་རིག་གནས”རྟོག་ཞིབ་ཚོགས་ཆུང་གིས་ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་འགག་གསུམ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་ལྟ་སྐོར་སློབ་སྦྱོང་བྱེད་བཞིན་པ།
ལྷོ་རོང་རྫོང་ལྷོ་རྫོང་ཁྱད་ལྡན་ཐོན་རྫས་གསར་སྤེལ་ཀུང་སིའི་ལས་དོན་པས་ནས་ཐུག་དང་ནས་ཀྱི་ཏན་ཞིམ་དྲ་ཐོག་ཐད་གཏོང་ནས་འཚོང་བཞིན་པ།
ལྷོ་རོང་རྫོང་ལྷོ་རྫོང་ཁྱད་ལྡན་ཐོན་རྫས་གསར་སྤེལ་ཀུང་སིའི་ལས་དོན་པས་ནས་འབྲུ་དབོར་བཞིན་པ།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ས་མཐོའི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐོན་ཁུངས་ཀྱི་མཐུན་རྐྱེན་དང་མི་མངོན་པའི་ནུས་ཤུགས་ཀྱི་རིན་ཐང་དམ་འཛིན་བྱས་ཏེ་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་། གྲངས་འཛིན་གྲོང་གསེབ་འཛུགས་སྐྲུན་གྱི་ཚོད་ལྟ་བྱེད་པ། གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་སྲ་བརྟན་དུ་གཏོང་བ། ཐོན་ལས་གྲངས་འཛིན་ཅན་མཉམ་འདྲེས་བྱེད་པ། གྲངས་འཛིན་དཔལ་འབྱོར་ཐོན་ལས་རྒྱ་ཆེར་གཏོང་བ། བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་གྲངས་འཛིན་གྲོང་གསེབ་འཛུགས་སྐྲུན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད།
གྲངས་འཛིན་གྱི་གཞི་གདན་བརྟན་དུ་བཏང་བ།
རང་སྐྱོང་ལྗོངས་ཞིང་འབྲོག་ལས་ཆ་འཕྲིན་ཅན་གྱི་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་ནི་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཆ་འཕྲིན་ཅན་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་ལ་རམ་འདེགས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད། རྣམ་གྲངས་དེ་2023ལོའི་ཟླ་6པར་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས་པ་དང་ལས་སྟེགས་ཆེན་པོ་ལྔའི་ཆ་འཕྲིན་མ་ལག་22དྲ་ཐོག་ཏུ་འཁོར་སྐྱོད་བྱས་ཡོད་པ་རེད།
2023ལོའི་ཟླ་11པར། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་ཞིང་འབྲོག་ལས་ཆ་འཕྲིན་ཅན་གྱི་ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་བཀོལ་སྤྱོད་གསོ་སྦྱོང་འཛིན་གྲྭ་གཉེར་ཞིང་། གསོ་སྦྱོང་གི་ནང་དོན་ནི་རང་སྐྱོང་ལྗོངས་ཞིང་འབྲོག་ལས་ཆ་འཕྲིན་ཅན་གྱི་ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་བེད་སྤྱོད་སྐོར་ཡིན་པ་དང་། དེའི་དམིགས་ཡུལ་ནི《བོད་རང་སྐྱོང་ལྗོངས་ཀྱི་གྲངས་འཛིན་ཞིང་ལས་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི(2022ལོ་ནས་2026ལོ་བར)》དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་རྒྱུ་དེ་རེད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཞིང་འབྲོག་སྤྲིན་ཚོམ་ལས་སྟེགས་དང་ལྗོངས་ཡོངས་ཀྱི་ཞིང་འབྲོག་གཅིག་གྱུར་གྱི་གྲངས་གཞིའི་མཛོད་ཧུར་ཐག་བསྐྲུན་པ་དང་། “བོད་ཀྱི་ཞིང་འབྲོག་ལས”ཞེས་པའི་ལག་ཐོགས་ཁ་པར་APPསྤྱོད་སྣེ་གསར་སྤེལ་བྱས་ཏེ་ལྗོངས་ཡོངས་ཀྱི་ཞིང་འབྲོག་གྲངས་གཞིའི“ཀུན་བཏུས་འཆར་གཞི”བཀོད་ཡོད་ཅིང་། གྲོང་གསེབ་ཀྱི་ས་ཆ(རྨོ་ཞིང)འགན་གཙང་དབང་ཆའི་དོ་དམ་ལས་སྟེགས་དང་། ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་རྗེས་འདེད་ལས་སྟེགས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་རིག་ནུས་ལྟ་སྐུལ་དོ་དམ་ལས་སྟེགས་བཅས་ཀྱི་ལས་སྒོའི་དོ་དམ་གཞི་རྩའི་ཆ་ནས་ལྗོངས་ཡོངས་སུ་ཁྱབ་ཡོད། གཞིས་རྩེ་གྲོང་ཁྱེར་གྱི་ནས་ཀྱི་ཐོན་ལས་གྲངས་གཞི་ཆེན་པོའི་ལྟེ་གནས་དང་བོད་ཀྱི་ཞིང་འབྲོག་ལས་ཀྱི་གྲངས་གཞི་ཆེན་པོའི་ལག་ལེན་དང་བཀོལ་སྤྱོད་ཀྱི་དཔེ་མཚོན་ཁག་གཉིས་2023ལོའི་རྒྱལ་ཡོངས་ཀྱི་བློ་རིག་ཞིང་ལས་འཛུགས་སྐྲུན་གྱི་ཕུལ་བྱུང་དཔེ་མཚོན་ལ་བདམས་པ་རེད། འདམ་གཞུང་དང་། བསམ་གྲུབ་རྩེ། སྙེ་མོ་བཅས་ནི“དྲ་སྦྲེལ་+”ཞིང་ལས་ཐོན་རྫས་གྲོང་ཁྱེར་དུ་གཏོང་བའི་ཚོད་ལྟའི་རྫོང་ཡིན་པ་དང་། ཚང་མར་རྒྱལ་ཁབ་བམ་ཡང་ན་རང་སྐྱོང་ལྗོངས་རིམ་པའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་རྣམ་གྲངས་འཛུགས་རྒྱུའི་ཆོག་མཆན་ཐོབ་ཡོད། སྨན་གླིང་དང་། ཆུ་ཤུར། སྣེ་གདོང་། པ་སྣམ་བཅས་རྫོང་བཞི་རང་སྐྱོང་ལྗོངས་སམ་ཡང་ན་རྒྱལ་ཁབ་རིམ་པའི་ཞིང་ལས་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་དང་། དེང་རབས་ཞིང་ལས་ཐོན་ལས་གླིང་། ཞིང་ལས་ལྗང་མདོག་འཕེལ་རྒྱས་སྔོན་ཐོན་ཁུལ། གྲོང་གསེབ་དར་རྒྱས་དཔེ་སྟོན་རྫོང་བཅས་ལ་འཛུགས་གཏོད་བྱེད་པའི་ཆོག་མཆན་ཐོབ་ཡོད།
ཉེར་སྤྱོད་རྣམ་པ་རྒྱ་བསྐྱེད་བཏང་བ།
2025ལོའི་ཟླ་2པར། ཀོང་པོ་རྒྱ་མདའ་རྫོང་གི་རྒྱལ་ཁབ་གྲངས་འཛིན་ཞིང་ལས(བོད་ཕག)གསར་གཏོད་ཉེར་སྤྱོད་རྟེན་གཞི་བསྐྲུན་ནས་སྤྱོད་འགོ་ཚུགས་ཤིང་། རྟེན་གཞི་དེས་བོད་ཕག་གསོ་སྤེལ་ཆ་འཕྲིན་ཅན་གྱི་འགྲེམས་སྟོན་དང་། བློ་རིག་འབྲོག་ལས་ཟོག་འབྲེལ་དྲ་རྒྱའི་གྲངས་གཞི་ཆེན་པོའི་ཐབས་ཇུས་བཀོད་འདོམས། བློ་རིག་ཞིང་ལས་རྒྱང་ཚོར་གནམ་གཤིས་ཀྱི་གྲངས་གཞི་ཆེན་པོའི་སྔོན་དཔག་དང་སྔོན་ཚུད་ཉེན་བརྡ། གསོ་སྤེལ་བརྒྱུད་རིམ་ཧྲིལ་པོར་རྗེས་འདེད་དོ་དམ་བཅས་མངོན་འགྱུར་ཐུབ་ཀྱི་ཡོད་པ་རེད།
ཧོ་ནན་ནན་ཧྲང་ཞིང་འབྲོག་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིས(གཤམ་དུ“ནན་ཧྲང་ཞིང་ཚན”ཞེས་བསྡུ་རྒྱུ)རྣམ་གྲངས་དེའི་རང་འགུལ་ཅན་གྱི་ཕག་གཞོང་མ་ལག་དང་། གནད་སྨིན་སྟེར་གསོའི་མ་ལག དྲོད་ཚད་ཚོད་འཛིན་དང་རླུང་འགྲོའི་མ་ལག ཆུ་འདུར་སྟེར་གསོའི་མ་ལག སྐོར་ཞིབ་དང་དེ་བཞིན་རྩིས་བཤེར་དང་ལྗིད་ཚད་ཚོད་དཔག་མ་ལག ཕག་ཚང་གི་གྲངས་འཛིན་ཅན་ལས་སྟེགས་དོ་དམ་མ་ལག་སོགས་སྒྲིག་ཆས་ཇུས་འགོད་དང་ཨར་སྐྲུན་གྱི་ལས་འགན་འཁུར་གྱི་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་དཔེ་སྟོན་རྟེན་གཞི་སྣ་ཚོགས་འཛུགས་གཏོད་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ་ཀོང་པོ་རྒྱ་མདའ་རྫོང་གི་རྒྱལ་ཁབ་གྲངས་འཛིན་ཞིང་ལས(བོད་ཕག)གསར་གཏོད་ཉེར་སྤྱོད་རྟེན་གཞི་དང་བསམ་གྲུབ་རྩེ་ཆུས་ཀྱི་རྒྱལ་ཁབ་གྲངས་འཛིན་ཞིང་ལས(ནས)གསར་གཏོད་ཉེར་སྤྱོད་རྟེན་གཞི་བསྐྲུན་པ་དང་། གྲངས་འཛིན་གྲོང་གསེབ་ཀྱི་ཚོད་ལྟའི་རྫོང(སྨན་གླིང་དང་། པ་སྣམ། ཆུ་ཤུར་སོགས)དེ་དེང་རབས་ཞིང་ལས་ཐོན་ལས་གླིང་དང་། ཞིང་ལས་དེང་རབས་ཅན་གྱི་དཔེ་སྟོན་ཁུལ། གྲོང་གསེབ་དར་རྒྱས་དཔེ་སྟོན་རྫོང་བཅས་དང་མཉམ་གཏོད་མཉམ་སྐྲུན་ལ་རྒྱབ་སྐྱོར་བྱས་པ། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་དང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བཅས་སུ་ནས་འདེབས་པའི་སྲུང་སྐར་རྒྱང་ཚོར་ལྟ་ཞིབ་ཚད་ལེན་བྱས་ནས་མུའུ་ཁྲི་6ལྷག་ཙམ་གྱི་སོན་བཟང་རྟེན་གཞིར་གྲངས་འཛིན་ཅན་གྱི་དོ་དམ་མངོན་འགྱུར་བྱུང་ཡོད།
ཉེར་སྤྱོད་རིག་ནུས་སྒྲིག་སྦྱོར་མགྱོགས་སུ་བཏང་བ།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་རེས་སྐོར་གསར་པའི(2024ལོ་ནས་2026ལོ་བར)ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་དང་ཞིང་འཕྲུལ་མཁོ་མེད་དུ་བཏང་ནས་གསར་པར་བརྗེ་བའི་ཁ་གསབ་སོགས་ཞིང་ཕན་སྲིད་ཇུས་ལག་ལེན་གཏིང་ཟབ་བསྟར་ཏེ། ཞིང་སྤྱོད་མི་མེད་མཁའ་སྐྱོད་ཡོ་ཆས་བཀོལ་སྤྱོད་ལས་དོན་ལ་ཁྲིད་སྟོན་བྱས་པ་དང་། སྤྱོད་བདེ་བ་དང་ཕན་ནུས་ཆེ་བའི་སྔོན་ཐོན་གྱི་ཞིང་ལས་འཕྲུལ་ཆས་དང་སྒྲིག་ཆས་ཚོད་ལྟ་དཔེ་སྟོན་དང་བཀོལ་སྤྱོད་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་བ། བྱང་སྐར་མཐའ་སྣེའི་ཞིང་འཕྲུལ་མུ་མཐུད་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་ཀྱི་ཁོངས་སུ་བཅུག་པ། ལས་སྒྲུབ་ལ་ལྟ་ཞིབ་ཚད་ལེན་དང་མི་མེད་གནམ་གྲུ་སོགས་རིག་ནུས་སྒྲིག་ཆས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ལྗོངས་ཡོངས་ཀྱི་ཞིང་ལས་འཕྲུལ་ཆས་སྒྲིག་ཆས་ཀྱི་གྲུབ་ཚུལ་རིམ་བཞིན་ལེགས་སུ་འགྲོ་བར་སྔར་བས་སྐུལ་འདེད་བཏང་ཡོད། ལོ་ཏོག་གི་ནད་དང་གནོད་འབུ་དང་དེ་བཞིན་རྩྭ་ངན་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ལྗོངས་ཡོངས་ཀྱི་རྫོང(ཆུས)38ལ་ཞིང་སྤྱོད་མི་མེད་མཁའ་སྐྱོད་ཡོ་ཆས་ཀྱི་ལས་སྒྲུབ་ཁ་གསབ་ཀྱི་ཚོད་ལྟའི་ལས་དོན་སྤེལ་བ་རེད།
“གནམ་ཆུ་སྒུག་པ”ནས“གྲངས་འཛིན་གྱི་མཐུན་རྐྱེན་སྦྱོར་བའི”བར་གྲངས་འཛིན་གྲོང་གསེབ་འཛུགས་སྐྲུན་གྱིས་བོད་ཀྱི་གྲོང་གསེབ་ཀྱི་འབྱུང་འགྱུར་ལ་རེ་བས་ཁེངས་བཞིན་ཡོད། སྲིད་ཇུས་དང་། ལག་རྩལ། ཤེས་ལྡན་པ་བཅས་ཕྱོགས་མང་པོས་མཐུན་རྐྱེན་བཟང་པོ་བསྐྲུན་པ་དང་སྦྲགས་ཞིང་ལས་སྟོབས་ཆེན་དང་། གྲོང་གསེབ་མཛེས་པ། ཞིང་པ་ཕྱུག་པ་བཅས་ཀྱི་བློ་རིག་གི་ལྗོངས་རིས་ཤིག་མྱུར་དུ་གྲུབ་བཞིན་ཡོད།