དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལོ་13རིང་ལས་བྱེད་པ་ཁྲི་30ཙམ་བཏང་བ།

    ལས་བྱེད་པ་གྲོང་སྡོད་བྱས་པ་ལས་བོད་ལ་འགྱུར་ལྡོག་གང་ཞིག་བྱུང་ཡོད་དམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགྱུར་ཟབ་སྤེལ་ལས་དོན་ཁང་།   |     སྤེལ་དུས།  2025-05-30

    འདི་ནི་རྒྱལ་རྩེ་རྫོང་རི་ནང་ཤང་མཚོ་སྨད་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་བཅུ་གསུམ་པའི་རུ་མིས་མང་ཚོགས་ལ་ལོ་ཏོག་བསྡུ་རོགས་བྱེད་བཞིན་པ།

    འདི་ནི་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ནོར་བུ་ས་གྲོང་རྡལ་གྲབ་སྨད་ས་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག(ཆུ་གསུམ་རྫོང་གིས་མངགས)གི་རུ་མིས་དཔྱིད་འདེབས་ས་བོན་ལ་ལྟ་ཞིབ་བྱེད་བཞིན་པ།

    འདི་ནི་འདི་ལོའི་ཡོམ་འགོག་གེགས་སེལ་རིང་། གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་རྨ་བྱ་ཤང་གི་གྲོང་སྡོད་ལས་དོན་རུ་ཁག་གིས་གེགས་ཁུལ་དུ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱེད་བཞིན་པ།

    འདི་ནི་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་རྫོང་དགའ་གྲོང་རྡལ་ཕུ་ལག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་བཅུ་གསུམ་པའི་རུ་མིས་འཛིམ་བུ་སྐྱེ་ཡུལ་དུ་ཐད་གཏོང་བྱས་ནས་འཛིམ་བུ་འཚོང་བཞིན་པ།

    འདི་ལོའི་ཟླ་3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་ཞིང་ཆེན་ལི་ཕིང་རྫོང་ཀྲའོ་ཤིན་ཏུང་གྲོང་སྡེར་རྟོག་ཞིབ་གནང་སྐབས“ཧྲུའུ་ཅི་དང་པོའི་ལམ་ལུགས་སྔར་བཞིན་མཐའ་འཁྱོངས་བྱེད་དགོས། དབུལ་སྒྲོལ་ཐུབ་རྗེས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་ལས་འགན་གཅིག་མཚུངས་ལྕི་པོ་ཡོད་པས་ད་དུང་མུ་མཐུད་ཤུགས་སྣོན་རྒྱག་དགོས”ཞེས་ནན་བཤད་གནང་བ་རེད།

    ཟླ་5ཚེས་12ཉིན། ལྗོངས་ཡོངས་ཀྱི་ལས་བྱེད་པ་གྲོང་སྡོད་ཀྱི་ལས་དོན་ཚོགས་འདུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས། ལས་བྱེད་པ་གྲོང་སྡོད་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང“གཙོ་གནད་ལས་འགན་ཁག་ལྔ”དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་དང་ཏན་ཏིག་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་རྨང་གཞི་བརྟན་པོ་འདིང་དགོས་པའི་ནན་བཤད་གནང་བ་རེད།

    ལས་བྱེད་པ་གྲོང་སྡོད་ཀྱི་ལས་དོན་ནི་བོད་ཀྱི་རྩ་སྲ་རྨང་བརྟན་དང་། དམངས་འཚོ་ལེགས་གཏོང་། མི་སེམས་གཅིག་སྒྲིལ་བཅས་ཀྱི་ཆབ་སྲིད་ཀྱི་འདུ་འགོད་དང་། དམངས་སེམས་ཀྱི་འདུ་འགོད། རྨང་གཞིའི་འདུ་འགོད་བཅས་རེད། 2011ལོའི་ཟླ་10པ་ནས་བཟུང་། བོད་ཀྱིས“སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ”བཅས་ཀྱི་བྱེད་སྒོ་སྤེལ་འགོ་བཙུགས་ཤིང་། མིག་སྔའི་བར་རིམ་ཁག་ཏང་སྲིད་ལས་ཁུངས་དང་། གཞུང་ཁོངས་ཁེ་ལས་དང་བྱ་གཞག་ཚན་པ། བོད་སྡོད་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་སོགས་ནས་ལས་བྱེད་པ་ཁྲི་29.7ལྷག་ཙམ་ཁག་14ལ་བགོས་ཏེ་གྲོང་ཚོར་བཏང་ནས་གྲོང་གསེབ་དར་རྒྱས་དང་། སྤྱི་ཚོགས་བརྟན་ལྷིང་། སྲིད་ཇུས་སྒྲོག་འགྲེལ། གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་བ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་སོགས་ལ་ནུས་པ་གལ་ཆེན་བཏོན་ཡོད།

    ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། འདི་ལོའི་ཟླ་5པར་ཁག་བཅུ་བཞི་པའི་གྲོང་སྡོད་ལས་དོན་རུ་ཁག་གི་ལས་བྱེད་པ་ཁྲི་2.2ལྷག་ཙམ་གྱིས་རྡོག་ཁྲེས་ཁྱེར་ནས་ལྗོངས་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)5600རུ་བཅའ་སྡོད་བྱས་པ་རེད།

    1 གཞི་རིམ་ལ་ཞབས་འདེགས་ཞུ་བའི་ཧུར་སེམས་ལ་ནམ་ཡང་འགྱུར་བ་མེད་པ།

    2011ལོའི་ཟླ་བཅུ་པ་ནས་2025ལོའི་ཟླ་ལྔ་པའི་བར་བོད་ཀྱིས་གྲོང་སྡོད་ལས་དོན་སྤེལ་ནས་སྤྱིར་བཏང་མིན་པའི་ལོ་13ལྷག་ཕྱིན། གྲོང་སྡོད་ལས་བྱེད་པ་ཁག་མང་པོ་བརྗེས་ཤིང་། ལས་ཀ་བྱེད་སྟངས་ལེགས་སུ་ཐེངས་མང་བཏང་མོད། འོན་ཀྱང“མི་དམངས་ལ་བརྩེ་བ་འཆང་བའི”ལྷག་བསམ་ལ་ནམ་ཡང་འགྱུར་བ་སྤུ་ཙམ་བྱུང་མེད།

    འདི་ལོའི་ཟླ་5ཚེས་10ཉིན་ནི། གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་རྫོང་དགའ་གྲོང་རྡལ་ཕུ་ལག་གྲོང་ཚོར་བཅའ་སྡོད་ལོ་གཅིག་བྱས་པའི་རང་སྐྱོང་ལྗོངས་ཁྲག་རྒྱུན་ལྟེ་གནས་ཀྱི་ལས་བྱེད་པ་ཧོང་ལིང་བཅའ་སྡོད་དུས་ཡུན་ཐིམ་ནས་ཕྱིར་ལོག་པའི་ཉིན་མོ་རེད། མིང་ལ“གྲོང་སྡོད་ཉིན་ཐོ”ཞེས་བཏགས་པའི་ཁྱུག་དབྱིངས་ནང་དུ། བརྙན་ཐུང་50ལྷག་སྤེལ་ནས་གྲོང་སྡོད་ལོ་གཅིག་རིང་གི་གནས་ཚུལ་མང་པོ་ཟིན་བྲིས་སུ་བཀོད་ཡོད་པ་སྟེ། ཐེངས་དང་པོར་གྲོང་མི་ཚོར་ལ་ཕུག་གི་ས་བོན་བགོ་བཤའ་བརྒྱབ་པ་དང་། ཐེངས་དང་པོར་བོད་ཀྱི་འཛིམ་བུ་དྲ་རྒྱ་ནས་ཐད་གཏོང་ཕྱིར་ཚོང་བྱས་པ། ཐེངས་དང་པོར་གྲོང་ཚོའི་དཔེ་མཛོད་ཁང་ལ་ཞལ་འདེབས་བསྡུས་པ་སོགས་གླེང་རིན་དེ་ཙམ་མེད་པའི་དོན་དག་ཆུང་ཆུང་འདི་དག་ཕུ་ལག་གྲོང་ཚོའི་རྣམ་པ་ལེགས་སུ་གཏོང་བའི་སྟོབས་ཤུགས་སུ་གྱུར་ཡོད། གྲོང་སྡོད་ལས་བྱེད་པས་འབད་འཐབ་ལྷོད་མེད་བྱས་པར་བརྟེན་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་རྣམ་པ་གསར་རྐྱང་དུ་གྱུར་ཡོད།

    ཕྱིར་ལོག་སྐབས། ཧོང་ལིང་གིས་བཅའ་སྡོད་བྱས་མ་ཐག་པའི་ལས་གྲོགས་ཚེ་སྒྲོན་དང་སྐལ་བཟང་ཕུན་ཚོགས་ལ“ཁྱེད་ཚོས་མུ་མཐུད་གྲོང་མི་ཚོར་རོགས་རམ་བྱས་ནས་བོད་ཀྱི་འཛིམ་བུ་ཕྱིར་ཚོང་བྱེད་རོགས། དཔེ་མཛོད་ཁང་ཡང་བེད་མེད་དུ་མི་འཇོག་པའི་རེ་བ་ཡོད”ཅེས་མངགས་བཅོལ་མང་པོ་བྱས་པར་ཚེ་སྒྲོན་དང་སྐལ་བཟང་ཕུན་ཚོགས་ཀྱིས་ནན་ཏན་ཉན་ཞིང་བློ་རྩ་ཡང་བརྟན་དུ་སོང་། མངགས་བཅོལ་འདི་ནི་ལས་ཀ་རྩིས་སྤྲོད་རྩིས་ལེན་ཙམ་མ་ཡིན་པར་གྲོང་སྡོད་ལས་དོན་རུ་མི་ཁག་མང་པོས་ཡུལ་དེ་གར་བཅངས་པའི་བརྩེ་སེམས་བརྒྱུད་སྤྲོད་ཅིག་རེད།

    ལོ་13རིང་། ལྗོངས་ཡོངས་ཀྱི་གྲོང་སྡོད་ལས་བྱེད་པ་ཁྲི་གཅིག་ཙམ་གཞི་རིམ་གྱི་འཐབ་ས་དང་པོར་ཏང་ལ་ཞུགས། གྲོང་སྡོད་ལས་བྱེད་པ་ཁག་བཅུ་གསུམ་པ་བཅའ་སྡོད་བྱས་རྗེས་ཞིང་འབྲོག་པ་ཏང་ཡོན་3950འཕེལ་རྒྱས་གཏོང་རོགས་བྱས་པ་དང་། ལས་བྱེད་པ་1162རིམ་ཁག་ཏང་གི་སློབ་གྲྭར་བཏང་ནས་གསོ་སྦྱོང་བྱས་པ། གྲོང་གསེབ་དར་རྒྱས་ཀྱི་ཆེད་ལས་ལས་བྱེད་པ་སོགས་ཕུལ་བྱུང་ཤེས་ལྡན་པ་1555གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་ཚན་ཁག་ལ་འདེམས་པ་སོགས་བྱས་ནས། ཏང་འཛུགས་སྐྱོང་གིས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་ཤུགས་ཐོག་མཐའ་བར་གསུམ་དུ་གཅིག་མཚུངས་ཡིན་པ་རེད།

    འདི་ལོའི་ཟླ་1ཚེས་7ཉིན། དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ཅིང་། གེགས་བར་ནི་བཀའ་རྒྱ་ལྟ་བུ་ཡིན་པས། རྫོང་ཡོངས་ཀྱི་གྲོང་སྡོད་ལས་བྱེད་པ་ཚོ་འཕྲལ་མ་ཉིད་དུ“ཡོམ་འགོག་གེགས་སེལ་གྱི་འཕྲལ་སྒྲུབ་རུ་མིར”གྱུར། དིང་རི་རྫོང་གྲམ་མཚོ་ཤང་མགུ་རིང་གྲོང་ཚོའི་རྨོ་བོ་ཚེ་རིང་གིས་གྲོང་སྡོད་ལས་བྱེད་པ་བསྟན་འཛིན་གྱི་ལག་ནས་འཇུས་ཏེ“ཁྱེད་ཚོས་ང་ཚོ་ཕ་མ་ལྟ་བུར་བརྩིས་པས། མགུ་རིང་གྲོང་ཚོ་ནི་ནམ་ཡང་ཁྱེད་ཚོའི་ཁྱིམ་ཡིན”ཞེས་བཤད།

    ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ལྕགས་སྒེ་གྲོང་ཚོར་འབྱོར་མ་ཐག་པའི་གྲོང་སྡོད་ལས་བྱེད་པ་ཧྥན་ཀྲི་ཧྲུའེ་དང་ཐོག་སྐད་བརྡ་མ་འཕྲོད་པའི་དབང་གིས་དཀའ་ལས་ཅུང་ཙམ་འཕྲད་ཀྱང་། ཕྱིས་སུ་ཁོང་དང་ལོ་ལྔར་བསླེབས་པའི་བདེ་སྐྱིད་སྒྲོལ་མ་ཕན་ཚུན་དགེ་སློབ་བྱས་ཏེ་ཆ་སྒྲིག་སློབ་སྦྱོང་བྱས་པས་རིམ་བཞིན་ཧྥན་ཀྲི་ཧྲུའེ་ཡིས་མང་ཚོགས་དང་སྤེལ་རེས་བྱེད་ཐུབ་པ་དང་བདེ་སྐྱིད་སྒྲོལ་མ་ཡང་སྤྱི་སྐད་ལ་མཁས་པར་གྱུར་ནས། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི”ས་བོན་བུ་མོ་ཆུང་ཆུང་བདེ་སྐྱིད་སྒྲོལ་མའི་སེམས་ཀྱི་ཞིང་སར་བཏབ་པ་མ་ཟད། ལྕགས་སྒེ་གྲོང་ཚོའི་གྲོང་མི་ཚོའི་སེམས་སུ་ཡང་བཏབ་ཡོད་པ་རེད།

    2 གཞན་བརྟེན་རྣམ་པའི་རོགས་སྐྱོར་ནས་རང་བརྟེན་རྣམ་པའི་འཕེལ་རྒྱས་བར།

    2011ལོའི་ལོ་མཇུག་ཏུ། བོད་ཀྱིས་ལས་བྱེད་པ་གྲོང་སྡོད་ལས་དོན་སྤེལ་འགོ་ཚུགས་ཤིང་། ཚན་པ“རེས་མོས་ཀྱིས་མངགས་པའི”བྱེད་ཐབས་སྤྱད་ནས་གྲོང་སྡོད་ལས་དོན་ལྗོངས་ཡོངས་སུ་ཁྱབ་པར་བྱས་པ་དང་། དངོས་ཟོག་སྤྲོད་པ་དང་རྨང་གཞིའི་སྒྲིག་བཀོད་ཉམས་བཟོ་གཙོ་བོར་བྱས་པའི་གཞན་བརྟེན་རྣམ་པའི་རོགས་སྐྱོར་བྱེད་སྟངས་གཙོ་བོ་དེས་སྐབས་དེ་དུས་ཀྱི་ཞིང་འབྲོག་ཁུལ་ཕལ་ཆེ་བའི་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཡིན་པ་དང་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་འཕྲལ་མར་མཐོ་རུ་གཏོང་དགོས་པའི་གནས་ཚུལ་ལ་འགྱུར་ལྡོག་ངེས་ཅན་བྱུང་ཡོད། དུས་ཀྱི་འཕོ་འགྱུར་དང་བསྟུན་ལས་ཀར་རྒྱུན་མཐུད་རང་བཞིན་མེད་པ་དང་། “མི་གཅིག་རང་གིས་འཐབ་འཛིང་བྱེད་པའི”སྣང་ཚུལ་མངོན་གསལ་དོད་པ། མཐུན་སྦྱོར་གཞོགས་འདེགས་ཀྱི་དཀའ་ངལ་ཆེ་བ། རྗེས་མཐུད་ཀྱི་འགན་སྲུང་བྱེད་ཚད་མི་འདང་བ་སོགས་ཀྱི་སྐྱོན་ཆ་རིམ་བཞིན་མངོན་གསལ་དོད་དུ་ཕྱིན་ནས་གཞན་བརྟེན་རྣམ་པའི་རོགས་སྐྱོར་གྱིས་མང་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད།

    ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་སྒོར་པོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བུ་ཕྱུག་གིས། དེ་སྔ་ཡུལ་མི་ཚོ་སྲིད་གཞུང་གི་ཁ་གསབ་ལ་བརྟེན་རྒྱུ་གོམས་པའི་ཁར། ལག་རྩལ་གསར་པར་དོགས་པ་བྱས་ནས“མེས་པོ་ཚང་མ་དེ་ལྟར་ཡོང་བ་ཡིན་པས་འགྱུར་ལྡོག་གཏོང་ཐབས་མེད”ཅེས་ཤོད་ཀྱི་ཡོད་མོད། འོན་ཀྱང་ད་ཆ་ཡུལ་མི་ཚོའི་འདུ་ཤེས་ལ་འགྱུར་ལྡོག་ཆེན་པོ་བྱུང་སྟེ།“སྒུག་བརྟེན་སློང”གསུམ་བྱེད་པ་ནས་སློབ་གསོ་དང་། བདེ་ཐང་། ཁྲོམ་རའི་ཚོང་གཉེར་བཅས་ལ་རང་འགུལ་ངང་ཞུགས་ནས་མཐོང་ཆེན་བྱེད་འགོ་ཚུགས་པ་མ་ཟད། ཐོན་ལས་འཆར་འགོད་ལའང་གྲོས་བསྡུར་ཧུར་ཐག་བྱེད་ཀྱི་ཡོད། “ད་ཆ་མང་ཚོགས་ཚོས་འཚོ་བ་ཡག་པོ་ཞིག་སྐྱེལ་དགོས་ན་སྒུག་ནས་སྡོད་མི་རུང་བར། ངེས་པར་དུ་ཏང་དང་སྲིད་གཞུང་གི་འགོ་ཁྲིད་འོག་འབད་འཐབ་བྱས་ན་གཞི་ནས་མངོན་འགྱུར་ཡོང་ངེས་ཡིན་པར་སྔར་བས་ཡིད་ཆེས་བྱེད་ཀྱི་ཡོད”ཅེས་བཤད།

    བཟང་ཡུལ་གྲོང་ཚོར་མངགས་པའི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་གཅིག་པའི་རུ་དཔོན་ལྷག་པ་མཚམས་གཅོད་ཀྱིས“སྔོན་མ་དཀའ་ངལ་འཕྲད་སྐབས་རིམ་པ་རེ་རེ་བཞིན་སྙན་སེང་ཞུ་དགོས། འོན་ཀྱང་ད་ཆ་གནས་སྐབས་ཏང་ཀྲི་པུའུ་ཡིས་ཚོགས་འདུ་འཚོགས་རྗེས་སྡེ་ཚན་ཁག་དང་མཐུན་སྦྱོར་ཧུར་ཐག་བྱེད་ཀྱི་ཡོད་པས་ལས་ཕྱོད་ཆེན་པོ་འདུག དེ་སྔོན་རྣམ་གྲངས་གཅིག་ལ་ཞིབ་མཆན་འགོད་པར་ལོ་ཕྱེད་འགོར་གྱི་ཡོད། འོན་ཀྱང་ད་ཆ་གྲོང་སྡོད་གནས་སྐབས་ཏང་ཀྲི་པུའུ་ཡིས་སྡེ་ཚན་ཁག་དང་མཐུན་སྦྱོར་བྱས་ནས་ས་གནས་ས་ཐོག་ཏུ་བསྒྲུབས་ཐུབ་པས། ཟླ་བ་གཉིས་ལ་འགྲོ་ལུགས་ཚང་མ་གཉེར་ཚར་གྱི་འདུག”ཅེས་བཤད།

    ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བྲོ་ཡུལ་གྲོང་ཚོའི་གྲོང་མི་བསམ་སྐྱིད་པད་མའང་གཞན་བརྟེན་རྣམ་པའི་འཕེལ་རྒྱས་ལས་ཕན་པ་ཐོབ་མཁན་ཞིག་ཡིན། དེ་སྔ་གྲོང་ཚོའི་དུད་ཚང་དབུལ་པོ་ཞིག་ཡིན་པས། གྲོང་སྡོད་ལས་དོན་རུ་ཁག་གིས་ཁོང་ལ་མ་དངུལ་གྱི་རོགས་རམ་ཙམ་མ་ཡིན་པར། གནས་ཚུལ་དངོས་ལ་གཞིགས་ནས་ཐབས་ཤེས་ཡོད་ཚད་བཏང་སྟེ་ཁོང་ལ་ཇ་ཁང་ཞིག་འཛུགས་རོགས་བྱས་པ་དང་། ད་ཆ་ཇ་ཁང་གི་ཚོང་ཡག་པོ་ཡོད་པ་རེད། ཇ་ཁང་དུ་ལས་བྲེལ་དང་དཀའ་ངལ་ཇི་ལྟར་ཆེ་རུང་བསམ་སྐྱིད་པད་མས“འདི་ནི་ངས་ངལ་རྩོལ་ལ་བརྟེན་ནས་བྱུང་བའི་བདེ་སྐྱིད་ཀྱི་འཚོ་བ་རེད”ཅེས་དགའ་ཚོར་ཆེན་པོས་ཤོད་ཀྱི་ཡོད།

    གྲོང་སྡོད་ཧྲུའུ་ཅི་དང་པོ་དོན་གྲུབ་ཀྱིས“རོགས་རམ་ངོ་མ་ནི་མང་ཚོགས་ནམ་ཡང་གཞན་ལ་བརྟེན་དུ་འཇུག་པ་དེ་མ་ཡིན་པར། ཁོང་ཚོར་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་འཚོ་བ་སྐྱིད་པོ་སྐྱེལ་བའི་འཇོན་ཐང་ལྡན་པར་བྱེད་པ་དེར་ཟེར”ཞེས་བཤད།

    2024ལོར་བོད་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་21578ཟིན་ཞིང་། བཀྲག་མདངས་འཚེར་བའི་གྲངས་གཞི་ལས་གཞན་བརྟེན་གྱི་ཕན་འབྲས་རགས་ཙམ་མཐོང་ཐུབ།

    3 གྲོང་སྡོད་ཉམས་མྱོང་ལས་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་གྱི་བློ་སྒོ་ཕྱེ་བ།

    ཁག་བཅུ་གསུམ་པའི་གྲོང་སྡོད་ལས་བྱེད་པ་དང་། ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྡོད་ལས་དོན་གྱི་སྤྱི་ཁྱབ་སྣེ་ཁྲིད་པ་ཡའོ་ཧའེ་ཆོན་གྱིས་གྲོང་སྡོད་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་པ་སྟེ། བློས་གཏོང་ཐུབ་པ་དང་། འབྲེལ་འདྲིས་ཐུབ་པ། བློས་འགེལ་ཆོག་པ་བཅས་ཡིན། བློས་གཏོང་ཐུབ་པ་ནི་མི་སྒེར་གྱི་ཁེ་གྱོང་བློས་གཏོང་ཐུབ་པ་དང་། འབྲེལ་འདྲིས་ཐུབ་པ་ནི་ཁྱིམ་ཚང་ཁྲི་སྟོང་དང་འབྲེལ་འདྲིས་ཐུབ་པ། བློས་འགེལ་ཆོག་པ་ནི་གུང་ཁྲན་ཏང་ཡོན་གྱི་ཐོག་མའི་བསམ་འདུན་རེད། ཡའོ་ཧའེ་ཆོན་གྱིས“འདི་ནི་ང་ཚོ་གཞི་རིམ་ལས་དོན་གྱི‘བློ་སྦྱོང’ཞིག་ཡིན་ལ། ང་ཚོས་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི‘མན་ངག’ཅིག་ཀྱང་ཡིན”ཞེས་བཤད།

    ལག་ལེན་གྱི་སྦྱོང་བརྡར་ཁྲོད། གྲོང་སྡོད་ལས་བྱེད་པ་རྣམས་གནད་དོན་མཐའ་དག་ལ་ཁ་གཏད་གཅོག་ཐུབ་པའི་ག་བཏང་གོ་ཆོད་ཀྱི་ཤེས་ལྡན་པར་རིམ་བཞིན་འཚར་ལོངས་བྱུང་ཡོད། གྲངས་གཞི་ལས་མངོན་པར། ཁག་བཅུ་གསུམ་པའི་གྲོང་སྡོད་ལས་དོན་ཁྲོད། གྲོང་སྡོད་ལས་བྱེད་པ་767གོ་གནས་འཕར་བ་དང་གལ་ཆེ་སར་བསྐོས་པ་དང་། གྲོང་སྡོད་ལས་བྱེད་པ་6600ཕུལ་བྱུང་རིམ་པར་བདམས་པ་རེད། 2022ལོར་གྲོང་སྡོད་ལས་དོན་གྱི་སྤྱི་ཁྱབ་སྣེ་ཁྲིད་པའི་ལམ་སྲོལ་བཙུགས་པ་ནས་བཟུང་གྲོང་སྡོད་ལས་དོན་གྱི་སྤྱི་ཁྱབ་སྣེ་ཁྲིད་པ་འབོར་ཆེན་ཞིག་གོ་གནས་འཕར་བ་དང་གལ་ཆེ་སར་བསྐོས་ཡོད།

    སྔ་རྗེས་སུ་ཁག་14ཡི་གྲོང་སྡོད་ལས་བྱེད་པ་ཁྲི་29.7གྱིས་གྲོང་གསེབ་དར་རྒྱས་གཏོང་བའི་ཐབས་ལམ་བཏོད་ཅིང་། ཁོང་ཚོའི་ལས་གནས་དང་བྱེད་ཐབས་ལེགས་སྒྲིག་གསར་གཏོད་ལ་འགྱུར་བ་བྱུང་ཡང་། “མང་ཚོགས་ལ་བརྩེ་བ་འཆང་བའི”ལྷད་མེད་ཀྱི་བརྩེ་སེམས་དང“ལྷག་བསམ་རྣམ་དག་གིས་འགན་འཁྲི་འཁུར་བའི”འགན་སེམས་ལ་འགྱུར་བ་ཕྱིན་མེད།

    2024ལོའི་ཟླ་6ཚེས་3ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས《བོད་ལྗོངས་ཉིན་རེའི་ཚགས་པར》དུ་མཚན་བཀོད་རྩོམ་ཡིག《སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཁྲོད་གྲོང་སྡོད་ལས་བྱེད་པའི་ནུས་པ་གང་ལེགས་འདོན་དགོས》ཞེས་པ་སྤེལ་ནས། གྲོང་སྡོད་ལས་བྱེད་པས་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་པར་ཚད་མཐོའི་བསྔགས་བརྗོད་གནང་བ་མ་ཟད། གྲོང་སྡོད་ལས་དོན་ལ་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཁས་ལེན་ཡང་གནང་ནས། གྲོང་སྡོད་ལས་བྱེད་པས“ལས་འགན་ཁག་དྲུག”ཡག་པོ་ཁུར་ཏེ། གྲོང་སྡོད་ལས་འགན་ལེགས་སྒྲུབ་བྱ་རྒྱུའི་ཐུགས་རེ་གནང་བ་རེད། དེ་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གཞི་རིམ་ལ་དམ་འཛིན་ཆེན་པོ་བྱེད་པའི་ལས་ཀའི་ཁྲིད་སྟོན་དང་རྩ་སྲ་རྨང་བརྟན་གྱི་ཆབ་སྲིད་ཀྱི་འགན་འཁྲི་སླར་ཡང་མཚོན་ཡོད། རྩོམ་ཡིག་ནང“ཏང་གི་འཐབ་འཛིང་ནུས་པ་ཡོངས་ཀྱི་རྨང་གཞི་གཞི་རིམ་དུ་ཡོད་པ་དང་། བོད་ཀྱི་ལས་དོན་གྱི་སྟོབས་ཤུགས་ཀྱི་འདེགས་སྐྱོར་བརྟན་ཤོས་གཞི་རིམ་དུ་ཡོད་པ། འགལ་ཟླ་དང་གནད་དོན་མངོན་གསལ་དོད་ཤོས་ཀྱང་གཞི་རིམ་དུ་ཡོད་པས། ཏང་གི་གཞི་རིམ་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་གྲོང་སྡོད་ལས་དོན་གྱི་འགན་འཁྲི་ལྕི་ལ་གཟི་བརྗིད་དཔག་ཏུ་མེད་པ་ཞིག་ཡིན་པ”ནན་བཤད་ལྷག་པར་གནང་ཡོད། 

    ལས་བྱེད་པ་གྲོང་སྡོད་བྱས་ཏེ་ས་མཐོ་ལས་ལྷག་པའི་མཐོ་ཚད་གཞན་ཞིག་བརྩོན་པ།

    བུ་ཆུང་གྲགས་པ།

    2011ལོར་བོད་ཀྱིས་ལས་བྱེད་པ་གྲོང་སྡོད་ལས་དོན་སྤེལ་ནས་ད་བར་ལོ་13ལྷག་ཙམ་སོང་རིང་། ལས་བྱེད་པ་ཁྲི་30ཙམ་གྱིས་གཞི་རིམ་དུ་འབད་འབུངས་ཧུར་བརྩོན་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་རྒྱུགས་ལན་ཞིག་ཕུལ་ཡོད།

    ལོ་13རིང་ཉམས་ལེན་འབད་སྒྲུབ་བྱས་པ་བརྒྱུད། ཏང་གི་འཐབ་འཛིང་ནུས་པ་ཡོངས་ཀྱི་རྨང་གཞི་གཞི་རིམ་དུ་ཡོད་པ་དང་། བོད་ཀྱི་ལས་དོན་གྱི་སྟོབས་ཤུགས་ཀྱི་འདེགས་སྐྱོར་བརྟན་ཤོས་གཞི་རིམ་དུ་ཡོད་པ། འགལ་ཟླ་དང་གནད་དོན་མངོན་གསལ་དོད་ཤོས་ཀྱང་གཞི་རིམ་དུ་ཡོད་པས། ཏང་གི་གཞི་རིམ་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་གྲོང་སྡོད་ལས་དོན་གྱི་འགན་འཁྲི་ལྕི་ལ་གཟི་བརྗིད་དཔག་ཏུ་མེད་པ་ཞིག་ཡིན་པ་གྲོང་སྡོད་ལས་བྱེད་པར་མྱོང་ཚོར་ཟབ་མོ་བྱུང་ཡོད།

    ལོ་13རིང་འབད་འབུངས་མདུན་སྐྱོད་བྱས་པ་བརྒྱུད། གྲོང་སྡོད་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་ཏང་གི་སྲིད་སྐྱོང་རྨང་གཞི་སྔར་བས་བརྟན་དུ་གཏོང་བ་དང་། ཏང་དང་མང་ཚོགས་དབར་གྱི་འབྲེལ་བ་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་བཏང་ནས་ཏང་དང་སྲིད་གཞུང་གི་གཟུགས་བརྙན་བཟང་པོ་གཏོད་པ། གཞི་རིམ་གྱི་རྨང་གཞི་རྒྱུན་མཐུད་བརྟན་དུ་བཏང་ནས་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་ཀྱི་སྒྲིག་འཛུགས་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཡོད།

    ལོ་13རིང་ལས་དོན་རིམ་པ་སྤེལ་བ་བརྒྱུད། གྲོང་སྡོད་ལས་བྱེད་པར་མྱོང་ཚོར་ཟབ་མོ་བྱུང་བ་སྟེ། གྲོང་སྡོད་ལས་དོན་ལས་ཁོང་ཚོའི་ཏང་གཤིས་ལེགས་སུ་ཕྱིན་པ་དང་། ཁོང་ཚོའི་གཤིས་རྒྱུད་ལ་ཞུན་བརྡར་ཐེབས་པ། ཁོང་ཚོའི་འཇོན་ཐང་ཆེ་རུ་ཕྱིན་པ་མ་ཟད། ཁོང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ཨང་དང་པོར་བཞག་ནས་རང་ཉིད་མང་ཚོགས་ཀྱི་གྲས་ཤིག་དང་མང་ཚོགས་ཀྱི་དོན་དག་རང་ཉིད་ཀྱི་དོན་དག་ཏུ་བརྩིས་ཏེ་མང་ཚོགས་ཀྱི་འབོད་སྒྲ་ཉན་པ་དང་། མང་ཚོགས་ཀྱི་རེ་འདུན་མཚོན་པ། མང་ཚོགས་ཀྱི་སྡུག་བསྔལ་ལ་སེམས་ཁུར་བཅས་བྱས་པ་དང་། མང་ཚོགས་ཀྱི་ལངས་ཕྱོགས་ནས་གནད་དོན་ལ་བསམ་གཞིག་དང་ཞིབ་འཇུག་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཏང་ལ་བློ་ཁ་ཕྱོགས་ཤུགས་དང་གོང་བུར་འགྲིལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།