སྨན་བཅོས་འགན་བཅོལ་ཐེབས་རྩ་སྐབས་འཕྲལ་བསྡོམས་རྩིས་རྒྱག་སྟངས་སྒྱུར་བཅོས་བྱེད་པའི་མྱུར་ཚད་སྔོན་དཔག་ལས་མགྱོགས་པ།
གསར་འགོད་པར་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ནས་ཤེས་རྟོགས་བྱུང་བར། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་སྐབས་འཕྲལ་བསྡོམས་རྩིས་རྒྱག་རྒྱུ་འདི་ལོའི་ཟླ་1པོ་ནས་འགོ་བཙུགས་ཚུན། སྒྱུར་བཅོས་ཀྱི་མྱུར་ཚད་སྔོན་དཔག་ལས་མགྱོགས་པ་དང་སྒྱུར་བཅོས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། སྒྱུར་བཅོས་བྱས་རྗེས་སྨན་བཅོས་འགན་བཅོལ་དང་དམིགས་འཛུགས་སྨན་རྫས་སྒྲིག་གཞིའི་བསྡོམས་རྩིས་དུས་ཡུན་ཐུང་དུ་ཤུགས་ཆེན་བཏང་བ་བརྒྱུད་སྨན་རྫས་སྒྲིག་གཞིའི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་བ་དང་རམ་འདེགས་ངེས་ཅན་ཐུབ་ཡོད།
ཟླ་5ཚེས་6ཉིན་བར། རྒྱལ་ཡོངས་སུ་སྤྱི་འདོམས་སྒོས་སྐབས་འཕྲལ་བསྡོམས་རྩིས་རྒྱག་འགོ་ཚུགས་པའི་ས་ཁུལ་300ཟིན་པ་དེས་རྒྱལ་ཡོངས་ཀྱི་སྤྱི་འདོམས་ས་ཁུལ་གྱི་77%བཟུང་བ་དང་། དེ་ཟླ་4པའི་ཚེས་ཤར་ལས་130འཕར་ཡོད། དམིགས་འཛུགས་སྨན་རྫས་སྒྲིག་གཞི་ཁྲི་36.18ལ་ཁྱབ་པ་དེ་ཟླ་4པའི་ཚེས་ཤར་ལས་ཁྲི་22.38མང་དུ་ཕྱིན་པ་དང་། དེའི་ནང་དམིགས་འཛུགས་སྨན་བཅོས་སྒྲིག་གཞི་ཁྲི་15.48ཡོད་པ་དེ་ཟླ་4པའི་ཚེས་ཤར་ལས་ཁྲི་8.08མང་དུ་ཕྱིན་ཡོད། དམིགས་འཛུགས་སྨན་ཁང་ཁྲི་20.70ཡོད་པ་དེ་ཟླ་4པའི་ཚེས་ཤར་ལས་ཁྲི་14.3མང་དུ་ཕྱིན་ཡོད།
མིག་སྔར། སྤྱི་འདོམས་བྱེད་འགོ་ཚུགས་པའི་ས་ཁུལ་གྱི་བཅུ་ཆ་དྲུག་གིས་གཏོང་སྤྲོད་བྱེད་ཚད་མང་དུ་བཏང་ཡོད། ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་ཇུས་འདོན་ཡག་པོ་བྱ་ཆེད། སྤྱི་འདོམས་ས་ཁུལ་ཁག་གིས་ས་གནས་དེ་གའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་འཁོར་རྒྱུག་གནས་ཚུལ་དང་དམིགས་འཛུགས་སྨན་རྫས་སྒྲིག་གཞིའི་སྒྱུར་བཅོས་འདོད་མོས་ལ་གཞིགས་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་སྟངས་གཅིག་གམ་མང་པོ་འདེམས་ཆོག བསྡོམས་རྩིས་བརྒྱབ་པར་གཞིགས་ན། རྒྱལ་ཡོངས་ཀྱི་སྤྱི་འདོམས་ས་ཁུལ་180ཡིས་གཏོང་སྤྲོད་བྱེད་ཚད་མང་དུ་གཏོང་བའི་བསྡོམས་རྩིས་རྒྱག་སྟངས་བདམས་ཡོད་པ་དང་བསྡོམས་རྩིས་ཀྱི་དུས་ཚད་ནི་སྨན་རིན་སྤྲད་རྗེས་ཀྱི་ལས་ཀའི་ཉིན་1ནས་7བར་ཡིན། སྤྱི་འདོམས་ས་ཁུལ་223གྱིས་ཟླ་རེའི་བསྡོམས་རྩིས་དུས་ཡུན་ཐུང་དུ་གཏོང་བའི་བྱ་ཐབས་བདམས་ཤིང་། བསྡོམས་རྩིས་དུས་ཚད་ནི་དམིགས་འཛུགས་སྨན་རྫས་སྒྲིག་གཞིས་སྙན་སེང་ཞུ་མཚམས་བཞག་རྗེས་ཀྱི་ལས་ཀའི་ཉིན་20ཡི་ཚུན་དུ་ཡིན། སྤྱི་འདོམས་ས་ཁུལ་19ཡིས་ཟླ་རེ་བཞིན་སྔོན་ལ་གཏོང་སྤྲོད་བྱེད་པའི་བྱ་ཐབས་བདམས་ནས་སྨན་རིན་མ་སྤྲད་གོང་ཟླ་རེ་བཞིན་མ་དངུལ་ངེས་ཅན་ཞིག་དམིཌ་འཛུགས་སྨན་རྫས་སྒྲིག་གཞིར་སྔོན་ལ་གཏོང་སྤྲོད་བྱེད་ཀྱི་ཡོད།
ད་ལོ་ནས་བཟུང་། རྒྱལ་ཡོངས་སུ་སྐབས་འཕྲལ་བསྡོམས་རྩིས་རྒྱག་འགོ་ཚུགས་པའི་སྤྱི་འདོམས་ས་ཁུལ་300ཡིས་རིམ་རྩིས་བརྒྱབ་ན་སྨན་བཅོས་འགན་བཅོལ་ཐེབས་རྩ་སྒོར་དུང་ཕྱུར་3001བཏང་བ་དང་དུས་མཚུངས་ཞིང་ཆེན་29ཡི་སྤྱི་འདོམས་ས་ཁུལ་284ཡིས་སྨན་བཅོས་འགན་བཅོལ་མ་དངུལ་སྒོར་དུང་ཕྱུར་763སྔོན་དུ་སྤྲད་ཡོད། སྒྱུར་བཅོས་སྲིད་ཇུས་དེ་གཉིས་ཀྱིས་ཕྱོགས་གཅིག་ཏུ་ཤུགས་བརྒྱབ་ནས་དམིགས་འཛུགས་སྨན་རྫས་སྒྲིག་གཞི་འཕེལ་རྒྱས་འགྲོ་བར་མཐུན་སྦྱོར་བྱས་ཏེ་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ཀྱི་སྨན་བཅོས་ཀྱི་ཁུར་པོ་ཡང་དུ་བཏང་ཡོད།